འདས་པའི་ལོ་༣ ནང་ ནགས་ཚལ་དང་འབྲེལ་བའི་ ཚུལ་མིན་འབད་མི་༤,༠༠༠ ཐོན་ཡོདཔ།

༉ འདས་པའི་ལོ་༣ གྱི་ནང་འཁོད་ ནགས་ཚལ་ལུ་བརྟེན་པའི་ ཁྲིམས་འགལ་འབད་མི་༤,༠༠༠ དེ་ཅིག་ ཐོན་མིའི་གྲས་ལས་ མཐོ་ཤོས་ར་ ཤིང་ཆས་དང་ རི་དྭགས་སེམས་ཅན་ཚུ་ཨིན་པས།
ཁྲིམས་འགལ་གྱི་ ལཱ་བྱ་འཐབ་མི་དེ་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོ་དོ་ཡོདཔ་ལས་ སྤྱི་ལོ་༢༠༡༧ དང་༢༠༡༩ གི་བར་ན་ གནོད་འགེལ་འབད་མི་༡,༣༠༠ དེ་ཅིག་ ཐོན་ཡོད་མི་ལས་ མཐོ་ཤོས་ར་ ཤིང་ཆས་ཕྱིར་བཏོན་འབད་མི་དེ་ མཐོ་ཤོས་ཨིནམ་ད་ དེ་གི་ཤུལ་ལས་ར་ ཤ་བདའ་མི་དང་ ཉ་བཟུང་མིའི་ གནོད་འགེལ་དེ་གཉིས་ཨིན་པས།
སྤྱི་ལོ་༢༠༡༨ ལུ་ ནགས་ཚལ་ལས་ཁུངས་ཀྱིས་ གནས་ཐོ་བཀོད་མིའི་ནང་ ཚུལ་མིན་གྱི་སྒོ་ལས་ ཤིང་ཆས་བཏོན་འབག་མི་༧༩༥ ལུ་ ཉེས་ཕྲའི་བཙོན་ཁྲིམས་ཕོག་ཡོད་མི་དེ་ཡང་ དབང་ཚད་ལོག་སྤྱོད་ཐོག་ལས་ གྲོང་གསེབ་ཀྱི་ཤིང་དང་ ཤིང་རིགས་གཞན་ཚུ་བརྡབས་ཏེ་ འབག་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༩ ལུ་ གནང་བ་མེད་པར་ ཤ་བདའ་མི་༤༩ དང་ ཉ་བཟུང་མི་༥༠༤ ཐོ་བཀོད་འབད་ནུག།
གནས་ཐོ་དང་འཁྲིལ་བ་ཅིན་ སྤྱི་ལོ་༢༠༡༦ དང་༢༠༡༨ ཀྱི་བར་ན་ རི་དྭགས་སེམས་ཅན་ལུ་ གནོད་འགེལ་འབད་བའི་ ཉེས་བྱ་དངུལ་ཀྲམ་ས་ཡ་༦༧ བསྡུ་ལེན་འབད་ཡོདཔ་ད་ སྤྱི་ལོ་༢༠༡༧ ལུ་ ཉ་དང་ ཤ་བདའ་མིའི་ རྩོད་དོན་༡༤༩ ཐོན་ཡོདཔ་མ་ཚད་ སྤྱི་ལོ་༢༠༡༨ ལུ་ ཚུལ་མིན་གྱི་ཐོག་ལས་ ཤ་བདའ་སྟེ་ རི་དྭགས་སེམས་ཅན་ཚུ་ བསད་ཞིནམ་ལས་ ཚོང་འབྲེལ་འཐབ་མི་༤༠ འཛིན་བཟུང་འབད་ནུག།
རི་དྭགས་སེམས་ཅན་ཚུ་ བསད་མི་དེ་ཡང་ པགས་ཀོ་དང་ མཆེཝ་ གླ་རྩི་ དོམ་མཁྲིས་ རུ་ཏོ་ལ་སོགས་པ་ ཚོང་འབྲེལ་འཐབ་ནིའི་དོན་ལུ་ཨིན་པས།
ཐིམ་ཕུག་ལུ་ཡོད་མི་ རྒྱལ་སྤྱི་སྨྱོ་རྫས་དང་ ཁྲིམས་འགལ་ཡིག་ཚང་གིས་ རི་དྭགས་སེམས་ཅན་དང་འབྲེལ་བའི་ གནོད་འགེལ་སྙན་ཞུ་དང་འཁྲིལཝ་ད་ སྲུང་སྐྱོབ་ཐོག་ལུ་བཞག་མི་ གཅན་གཟན་སྟག་ཚུ་ ནག་ཚོང་འཐབ་མི་ཚུ་ལས་ ཉེས་སྤྱོད་འབད་ནི་ ཚད་འཛིན་འབད་ཚུགས་ནི་དེ་གིས་ སྤྱི་ལོ་༢༠༠༧ ལས་༢༠༡༨ ཀྱི་བར་ན་ ཡར་སེང་སོང་སྟེ་འདུག་ཟེར་ཨིན་པས།
སྤྱི་ལོ་༡༩༩༩ ལས་༢༠༡༨ ཀྱི་བར་ན་ སེམས་ཅན་རིགས་སྣ་༦,༠༠༠ དེ་ཅིག་ རྟོག་མེད་དབང་བཟུང་འབད་དེ་ཡོད་མི་དེ་ཡང་ འོ་འཐུང་སྲོག་ཆགས་ཀྱིས་མ་དོ་བར་ ལྟོ་འགྲོའི་སེམས་ཅན་ དཔེ་འབད་བ་ཅིན་ སྦུལ་དང་ ཆུ་སྲིན་ཚུ་གིས་ འབུབ་དང་བྱ་ དེ་ལས་ ཉ་ཚུ་ལུ་ གནོད་སྐྱོན་རྐྱབ་སྟེ་ ནག་ཚོང་འཐབ་མི་ རྒྱལ་ཁབ་༡༥༠ ནང་ཡོདཔ་ལས་ རི་དྭགས་སེམས་ཅན་ལུ་ ཉེས་སྤྱོད་འབད་མི་དེ་ རྒྱལ་སྤྱིའི་གདོང་ལེན་ཅིག་ཨིན་ཟེར་བཀོད་ནུག།
ནགས་ཚལ་སྲུང་སྐྱོབ་སྡེ་ཚན་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ གོང་ཚད་མཐོ་སུ་གནས་མི་ སེམས་ཅན་ཚུ་ ནག་ཚོང་འཐབ་མི་ཚུ་གིས་ གནོད་སྐྱོན་རྐྱབ་དོ་ཡོདཔ་ལས་ དཀོན་དྲགས་ལུ་ གྱུར་ཏེ་འདུག་ཟེར་ཨིན་པས།
ཤིང་ཆས་དང་འབྲེལ་བའི་ བྱ་ངན་འཐབ་མིའི་སྐོར་ ཤེས་རྟོགས་འབྱུང་ནི་དེ་ ལཱ་ཁག་ཡོད་མི་དེ་ཡང་ ས་མཚམས་བརྒལ་ཏེ་ འབད་ནི་དེ་གིས་ དཀའ་ངལ་ཡོད་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
འབྲུག་མི་ཚུ་གིས་ ཙན་དན་ཤིང་ཚུ་ རྒྱ་གར་ལས་ ནང་འདྲེན་འབདེ་ རྒྱ་ནག་ལུ་ ནག་ཚོང་འཐབ་དོ་ཡོདཔ་ཨིན་པས།
ས་མཚམས་བདའ་སྟེ་ ནད་ཡམས་ཀོ་བིཌ་-༡༩ སྔོན་འགོག་འབད་ནིའི་དོན་ལུ་ ས་མཚམས་སྒོ་བསྡམས་བཞག་མི་དང་ ལྟ་རྟོག་དང་ སྲུང་སྐྱོབ་འབད་མི་ཡོདཔ་ལས་ རི་དྭགས་སེམས་ཅན་དང་ ཙན་དན་ཤིང་ཚུ་ ནག་ཚོང་འཐབ་མི་ མར་བབས་སོང་ཡི་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
དེ་ལས་ ཤ་རིགས་ནང་འདྲེན་བཀག་དམ་འབད་མི་དེ་གིས་ ཁྲོམ་སྡེ་ཚུ་ནང་ ཤ་རིགས་ཐོབ་མི་ཚུགས་དོ་ཡོདཔ་ལས་ ནང་འཁོད་ཀྱི་ སེམས་ཅན་སྲོག་གཅོད་དང་ ཉ་བཟུང་མི་ ཡར་སེང་སོང་སྟེ་ཡོད་ཟེར་ཨིན་པས།
ཁྲིམས་འགལ་འབད་མི་ བཀག་ཐབས་དང་ ཚད་འཛིན་འབད་ནིའི་དོན་ལུ་ ནགས་ཚལ་དང་ རི་དྭགས་སེམས་ཅན་གྱི་ སྒྲིག་གཞི་དང་ ལམ་ལུགས་ཚུ་ཡོད་མི་དང་བསྟུན་ ཉེས་སྤྱོད་འབད་མི་ཚུ་ལུ་ ཉེས་ཁྲིམས་བཀལ་ནུག་ཟེར་ཨིན་པས།
རྒྱ་འབྲུག་གི་ ས་མཚམས་དང་ རྒྱ་ནག་གི་ ས་མཚམས་ལས་ཕར་ ནག་ཚོང་འཐབ་མི་ཚུ་ ཚད་འཛིན་དང་ ཉེན་སྲུང་འབད་ནིའི་དོན་ལས་ ལྟ་རྟོག་པ་དང་ གསང་བའི་སྙན་ཞུ་འབད་མི་ཚུ་ཡོདཔ་ལས་ བྱ་སྟབས་བདེ་བས་ཟེར་ བཤདཔ་ཨིན་པས།
རྒྱལ་སྤྱི་ཚོགས་སྨྱོ་རྫས་དང་ ཁྲིམས་འགལ་ཡིག་ཚང་གིས་ ཁྲིམས་བསྟར་སྤྱོད་འབད་མི་ཚུ་ལུ་ གྲོས་འདེབས་བཀོད་མིའི་ནང་ འཕྲུལ་རིག་ཐེབས་དགོ་པའི་ཁར་ མི་སྟོབས་ཀྱི་ དཀའ་ངལ་སེལ་ཐབས་ལུ་ མ་དངུལ་ཁ་སྐོང་དགོཔ་འདུག་ཟེར་ཨིན་པས།
དེ་བཟུམ་སྦེ་ རི་དྭགས་སེམས་ཅན་དང་ ཤིང་ཆས་ཀྱི་ ནག་ཚོང་བཀག་ཐབས་དང་ ཞིབ་འཚོལ་འབད་ཐངས་ཀྱི་ སྦྱོང་བརྡར་དགོཔ་འདུག་ཟེར་ གྲོས་འདེབས་བཀོད་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

རྩ་ཁྲིམས་ཅན་གྱི་ འཐུས་མི་ལྷན་འཛིན་ཚུ་ ཞི་གཡོག་ནང་ལས་ དགོངས་ཞུ་འབད་མི་དགོ་ནི།

༉ ད་ལས་ཕར་ རྩ་ཁྲིམས་ཅན་གྱི་ འཐུས་མི་ལྷན་འཛིན་སྦེ་ བསྐོ་བཞག་གནང་པའི་སྐབས་ ཞི་གཡོག་ནང་ལས་ དགོངས་ཞུ་འབད་མི་དགོ་ནི་ཨིན་པས། དེ་ཡང་ ཁ་ཙ་ རྒྱལ་ཡོངས་ཚོགས་འདུ་གིས་ འབྲུག་གི་རྩ་ཁྲིམས་ཅན་གྱི་ གོ་གནས་འཆང་མི་ཚུ་དང་ འཐུས་མི་ལྷན་འཛིན་ཚུའི་ ཐོབ་ཐངས་དང་ ལཱ་གཡོག་ཆ་རྐྱེན་ …

Leave a Reply

Your email address will not be published. Required fields are marked *