འདས་པའི་གཞུང་གིས་ ལས་འགུལ་མང་རབས་ཅིག་ གྲུབ་ཚར་ཡི་ཟེར་སླབ་ཡོདཔ།

༉ སྤྱི་ཟླ་༨ པའི་ཚེས་༩ ལུ་ གཞུང་རྩ་གྲོལ་འགྱོ་བའི་ཤུལ་ལས་ འདས་པའི་གཞུང་གི་ བློན་ཆེན་དང་ བློན་པོ་བགྲེསཔ་ཚུ་གིས་ བརྡ་བརྒྱུདཔ་ཚུ་དང་ མཇུག་ཕྱད་ཡོདཔ་ཨིན།

བརྡ་བརྒྱུདཔ་ཚུ་དང་ཕྱད་པའི་སྐབས་ དྲགོས་ཚེ་རིང་སྟོབས་རྒྱས་ཀྱིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ འབྲུག་མི་ཡོངས་ཀྱི་བཀའ་དྲིན་ལས་ ལོ་༥ འི་རིང་ ཕྱག་ཞུ་ནིའི་གོ་སྐབས་ཐོབ་ཡོད་པའི་ཁར་ མི་དབང་མཆོག་གི་ ཐུགས་ཀྱི་དགོངས་བཞེད་ལྟར་ ལྷག་བསམ་རྣམ་དག་ཐོག་ལས་ ཕྱག་ཞུ་ཡི་ཟེར་བཤད་ཅི།

སྤྱི་ཟླ་༧ པའི་ཚེས་༣༡ ལུ་ འདས་པའི་ལྡོག་ཕྱོགས་ཚོགས་པ་གིས་ བརྡ་བརྒྱུདཔ་ཚུ་དང་ ཕྱད་པའི་སྐབས་ ལྡོག་ཕྱོགས་འགོ་ཁྲིདཔ་ པདྨ་རྒྱ་མཚོ་གིས་ ད་ལྟོའི་གཞུང་གི་ ལས་འགུལ་སྦོམ་ཅིག་ཡང་ འགོ་བཙུགས་མ་ཚུགས་ཟེར་ སླབ་ཡོདཔ་ཨིན་པས།

དེ་ལུ་ དྲགོས་ཚེ་རིང་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ ཁོང་གིས་ གཞུང་སྐྱོང་གནས་ཡུན་སྐབས་ ལས་འགུལ་སྦོམ་ཤོས་ཅིག་ ཟད་འགྲོ་དངུལ་ཀྲམ་ཐེར་འབུམ་༧ བཏང་སྟེ་ སེམས་རྟོགས་ཁ་ལས་ བཀྲིས་སྒང་གཞུང་ལམ་ རྒྱ་སྐྱེད་འབད་མི་དེ་ དུས་ཅི་ལོ་མཇུག་བསྡུ་ཁམས་ལས་ གྲ་སྒྲིག་འགྱོ་འོང་ཟེར་ཨིན་པས།

ལམ་རྒྱ་སྐྱེད་འབད་ནི་ འགོ་བཙུགས་པའི་སྐབས་ དུས་ཡུན་ལོ་ཕྱེད་དང་༤ ནང་ བསྒྲུབ་འོང་ཟེར་སླབ་པའི་སྐབས་ བརྡ་བརྒྱུདཔ་དང་ མི་མང་ག་ར་ དོགས་པ་ཆགས་ཡོདཔ་མ་ཚད་ དྲི་བ་ཡང་བཀོད་ཡོད་རུང་ ད་རེས་འབད་བའི་བསྒང་ལས་ ཀྲོང་གསར་ཡོ་ཏོང་ལ་དང་ བིའུ་པོནཊི་ལུ་ དུམ་གྲ་ཅིག་ མ་བསྒྲུབ་མ་གཏོགས་ གཞན་ག་ར་གྲ་སྒྲིག་སོང་ཡི་ཟེར་ཨིན་པས།

དེ་བཟུམ་སྦེ་ རྒེད་འོག་༡༧༨ ག་རའི་ རྒེད་འོག་ལྟེ་བའི་ ལམ་རྩི་ནག་བཏང་ཡོདཔ་ལས་ རྒེད་འོག་ནང་ གུང་སྟོང་གི་དཀའ་ངལ་དེ་ མར་ཕབ་འབད་ཡོདཔ་མ་ཚད་ མི་སྡེ་དང་དཔལ་འབྱོར་ལུ་ཕན་པའི་ ལས་འགུལ་ཨིན་ཟེར་ཨིན་པས།

ཞིང་རྨོ་འཕྲུལ་གཞི་བཙུགས་འབད་དེ་ མི་ལོ་༣༤ དེ་ཅིག་ ལང་ཡོད་རུང་ རྒེད་འོག་༥༦ དེ་ཅིག་གི་ ཞིང་རྨོ་འཕྲུལ་དེ་ མ་ཐོབ་པར་ལུས་ཡོདཔ་ད་ གཞུང་གིས་ གནས་ཡུན་སྐབས་ ཞིང་རྨོ་འཕྲུལ་༡,༢༠༠ བཀྲམ་སྤེལ་འབད་ཡི་ཟེར་ཨིན་པས།

དེ་བཟུམ་སྦེ་ སློབ་གྲྭ་ལྟེ་བ་༦༣ སྒོ་ཕྱེས་མི་དེ་གིས་ ཕམ་ཉམ་ཆུང་ཚུ་ལུ་ ཕན་ཐོགས་བྱུང་ཡོདཔ་མ་ཚད་ ཨ་ལོ་ལུ་ ཟས་བཅུད་ཅན་དང་ ཤེས་ཡོན་གྱི་སྤུས་ཚད་ ཡར་དྲག་གཏང་ནིའི་ནང་ ལྷན་ཐབས་འབད་དེ་ཡོད་ཟེར་ཨིན་པས།

གནམ་གྲུ་ཧེ་ལི་ཀོབ་ཊར་གྱིས་ ནདཔ་༣༨༠ དེ་ཅིག་ སྲོག་སྐྱབས་འབད་ཡི་ཟེར་ཨིན་པས།

གཞུང་གིས་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ སི་ཊི་ཨིས་ཀེན་ སྦོམ་ཅིག་དང་ དགེ་ལེགས་ཕུག་དང་ སྨོང་སྒར་ལུང་ཕྱོགས་སྨན་ཁང་ནང་ སི་ཊི་ཨིས་ཀེན་རེ་ གཞི་བཙུགས་འབད་ཡོདཔ་ལས་ གསོ་བའི་ཞབས་ཏོག་ཡར་དྲག་གཏང་ནིའི་ནང་ ཕན་ཐབས་སྦོམ་འབྱུང་འོང་ཟེར་ཨིན་པས།

དེ་བཟུམ་སྦེ་ གྲོང་གསེབ་ཚོང་ལས་མཉམ་འབྲེལ་ལས་སྡེ་དེ་ ཧེ་མ་ སྐྱོན་བརྗོད་ལེ་ཤ་འབད་བའི་ཤུལ་ ད་རེས་འབདཝ་ད་ ལས་འགུལ་སྦོམ་ཅིག་ལུ་ གྱུར་སོ་ཡི་ཟེར་ཨིན་པས།

ད་རེས་ནངས་པར་ ལས་སྡེ་དེ་གིས་ གཏའ་མ་བཙུགས་ནི་མེད་པའི་ མི་ཉམ་ཆུང་ཚུ་ལུ་ སྐྱེད་བརྒྱ་ཆ་༤ རེ་སྦེ་ སྐྱིན་འགྲུལ་བྱིན་དོ་ཡོདཔ་ལས་ ལོ་ངོ་ཕྱེད་དང་༣ གྱི་ནང་འཁོད་ལུ་ ཚོང་མགྲོན་པ་༣,༠༠༠ ལྷགཔ་ཅིག་ གིས་ སྐྱིན་འགྲུལ་ལེན་ནུག་ཟེར་ཨིན་པས།

དེ་མ་ཚད་ ལཱ་གཡོག་གོ་སྐབས་བཟོ་ནི་དང་ རྒྱལ་ཁབ་ཀྱི་ དཔལ་འབྱོར་ཡར་སེང་འབད་ནི་ལུ་ ལྷན་ཐབས་སྦོམ་འབད་དེ་ཡོད་ཟེར་ཨིན་པས།

དེ་བཟུམ་སྦེ་ དངུལ་ཀྲམ་ཐེར་འབུམ་༡.༢ བཏང་ཡོད་པའི་ གཏན་འཁེལ་ལཱ་གཡོག་ལས་རིམ་དང་ ཐད་ཀར་གཡོག་བཙུགས་ལས་རིམ་དེ་ཚུ་ ལས་འགུལ་སྦོམ་ཨིན་ཟེར་ཨིན་པས།

དེ་བཟུམ་སྦེ་ འགོ་དང་པ་ སློབ་དཔོན་ཚུ་གི་ ཁྱད་རིག་གོང་འཕེལ་གཏང་ནི་ འགོ་བཙུགས་མི་དེ་གིས་ སློབ་དཔོན་ཚུ་ རང་སོའི་ལཱ་གཡོག་སྤྲོ་བ་བསྐྱེད་ནི་ལུ་ ཕན་ཐོགས་བྱུང་སྟེ་ཡོད་ཟེར་ཨིན་པས།

དེ་ལས་ གསོ་བའི་ཁ་ཐུག་ལུ་ ཉལ་ཁྲི་༡༥༠ འབད་མི་ རྒྱལ་བཙུན་རྗེ་བཙུན་པདྨ་ཨ་ལོ་དང་ཨའི་གི་སྨན་ཁང་དང་ དགེ་ལེགས་ཕུག་སྨན་ཁང་ཚུ་ ལས་འགུལ་སྦོམ་ཨིན་ཟེར་དྲགོས་ཚེ་རིང་སྟོབས་རྒྱས་ཀྱིས་བཤད་ཅི།

གསོ་བའི་བློ་གཏད་མ་དངུལ་དེ་ ལག་ལེན་མ་འཐབ་པར་ཡོདཔ་མ་ཚད་ གནད་དོན་ལ་ལོ་ཅིག་ འབྲུག་ཕུན་སུམ་ཚོགས་པའི་གཞུང་གིས་ དེ་ལུ་སྤྲོ་བ་མ་བསྐྱེདཔ་ཨིན་རུང་ གཞུང་གིས་དེ་འཕྲོ་ལས་ གཡོག་བཀོལ་ཏེ་ ད་ལྟོ་ ང་བཅས་ག་ར་ སྤྱོད་ཡོད་པའི་ སྨན་དང་སྨན་ཁབ་ག་ར་ གསོ་བའི་བློ་གཏད་མ་དངུལ་དེ་ལས་ཨིནམ་མ་ཚད་ མ་དངུལ་ལོག་ལྟབ་བཟོ་སྟེ་ཡོདཔ་ལས་ ལས་འགུལ་སྦོམ་ཤོས་ཨིན་ཟེར་ཨིན་པས།

དེ་ལས་ རྒེད་འོག་ལྟེ་བའི་ལམ་ ཧེ་མ་ལས་ ཀི་ལོ་མི་ཊར་༤,༠༠༠ ཡོད་མི་དེ་མ་བརྩིས་བར་ སོ་ནམ་ཞིང་ལམ་གསརཔ་ ཀི་ལོ་མི་ཏར་༥,༠༠༠ བསལ་དེ་ཡོདཔ་ལས་ གུང་སྟོང་གི་ གནད་དོན་དེ་ མར་བབས་སོང་ཡོདཔ་མ་ཚད་ མི་ལ་ལོ་ཅིག་ ལོག་གཡུས་ཁར་འགྱོ་ནི་ལུ་ སེམས་ཤུགས་བྱིན་ཡོདཔ་སྦེ་ཨིན་པས།

དེ་བཟུམ་སྦེ་ ཞིང་ཆུའི་གཡུར་བ་ སྣང་མེད་སྦེ་ ལོ་ལེ་ཤ་བཞག་ཡོད་མི་ཚུ་ ལོག་སེལ་དོ་ཡོདཔ་ད་ དེའི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ཐེར་འབུམ་༢ དེ་ཅིག་ བཏང་ཡོདཔ་ད་ དེ་གིས་  སོ་ནམ་པ་ཚུ་ལུ་ ཕན་ཐོགས་འབྱུང་ནི་ཨིནམ་ལས་ ལས་འགུལ་ལ་ལོ་མཇུག་བསྡུ་ཡོདཔ་བཞིན་དུ་ ལ་ལོ་ཅིག་ མཇུག་བསྡུ་རན་ཁར་ལྷོད་ཡོདཔ་སྦེ་ཨིན་པས།

དེ་ལས་ འབྲུག་རྒྱན་ཤོག་དང་ རྒྱལ་ཁམས་ས་གཏེར་ལས་འགུལ་ སོ་ནམ་འཕྲུལ་ཆས་ལས་འཛིན་ དེ་ལས་ ལས་འགུལ་གཞན་ལེ་ཤ་གཞི་བཙུགས་འབད་ཡོད་མི་ཚུ་ག་ར་ ལས་འགུལ་སྦོམ་ཨིན་ཟེར་ཨིན་པས།

ལས་འགུལ་སྦོམ་ཤོས་དེ་ར་ འཆར་གཞི་༡༢ པ་དེ་ཨིན་རུང་ གཞུང་ག་འོང་རུང་ ལྕོགས་གྲུབ་ཐོག་ ནང་འཁོད་དང་ རྒྱལ་སྤྱིའི་གྲོགས་རམ་ལས་སྡེ་ཚུ་ལས་ འཆར་དངུལ་གྲ་སྒྲིག་འབད་དགོ་ཟེར་ ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ།

About admin

Check Also

རྒྱལ་ཡོངས་ཚོགས་སྡེ་དང་ བརྡ་བརྒྱུད་གྱི་བར་ན་ མཉམ་འབྲེལ་ཁག་ཆེ་ནི།

༉ ཁ་ཙ་ ཐིམ་ཕུག་ལུ་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་དང་ བརྡ་བརྒྱུད་ཀྱི་འཐུས་མི་ཚུ་གི་བར་ན་ གྲོས་བསྟུན་ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ གཙུག་སྡེ་༢ ཀྱི་བར་ན་ མཉམ་འབྲེལ་འབད་དགོཔ་ ཁག་ཆེ་བའི་སྐོར་ གཅིག་གིས་གཅིག་ལུ་ ངོས་ལེན་འབད་ཡི། མཉམ་འབྲེལ་ཞལ་འཛོམས་ནང་ འབྲུག་རྒྱང་བསྒྲགས་ལས་འཛིན་དང་ …

Leave a Reply

Your email address will not be published. Required fields are marked *