འདམ་གཙང་གཡུས་ཚན།

འདམ་གཙང་གཡུས་ཚན་ནང་ ཁྱིམ་གུང་པ་༧ ཡོད་མི་ལས་༦ གིས་ གནས་སྤོ་སྟེ་སོང་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ ཇོ་མོ་གཙང་ཁ་དྲུང་ཁག་ གླང་ཅན་ཕུག་རྒེད་འོག་གི་ འདམ་གཙང་གཡུས་ཚན་དེ་ ས་ཆ་ཉམས་དགའ་ཏོག་ཏོ་ཅིག་ནང་ ཆགས་ཡོད་རུང་ ད་རེས་ གཡུས་ཚན་དེ་ནང་ ཁྱིམ་གུང་པ་༡ ལས་བརྒལ་མེད་མི་ལུ་བལྟ་བ་ཅིན་ གནས་སྟངས་སྐྱོ་སུ་ཅིག་སྦེ་ མཐོངམ་ཨིན་མས།
དེ་ཡང་ ཧེ་མ་ གཡུས་ཚན་དེ་ནང་ ཁྱིམ་གུང་པ་༧ ཡོདཔ་བཞིན་དུ་ འབྱ་ལ་སོགས་པའི་ ལོ་ཐོག་ཚུ་ག་ཅི་ར་ འཛུགས་སྐྱོང་འབད་རུང་ རི་དྭགས་གླངམོ་ཆེ་དང་ སེམས་ཅན་ཚུ་གིས་ གནོདཔ་བཀལ་ཏེ་ བསྡུ་མ་ཚུགསཔ་མ་ཚད་ ཁྱིམ་ཚུ་ལུ་ཡང་ གནོདཔ་བཀལ་བའི་ དཀའ་ངལ་ལུ་བརྟེན་ ཁྱིམ་གུང་པ་༦ གིས་ ལོ་༡༥ དེ་ཅིག་གི་ཧེ་མར་ གཡུས་བཀོག་བཞག་སྟེ་ གནས་སྤོ་སོང་མི་ལུ་བརྟེན་ཨིན་པས།
ད་རེས་ གཡུས་ཚན་དེ་ནང་ སྐྱེས་ལོ་༥༦ ལང་མི་ ཁི་ན་མ་ཡ་ ཨ་དི་ཀ་རི་དང་ མོ་རའི་རྨགཔ་རྐྱངམ་གཅིག་ སྡོད་དོ་ཡོདཔ་བཞིན་དུ་ ཁོང་བཟའ་ཚང་༢ ཀྱིས་ འབྱ་འཛུགས་སྐྱོང་འབད་དོ་ཡོད་རུང་ རི་དྭགས་སེམས་ཅན་ཚུ་གིས་ གནོདཔ་བཀལ་མི་ལུ་བརྟེན་ བསྡུ་མ་ཚུགས་ནི་དེ་གིས་ ཉ་གསོ་སྐྱོང་དང་ རྡོག་མ་ཤིང་ དེ་ལས་ ཨ་ལཱན་ཅི་ཚུ་ འཛུགས་སྐྱོང་འབད་ནུག།

མཐའ་འཁོབ་སྦེ་ལུས་མི་ ཆུ་ཞིང་ཚུ།

ཁི་ན་མ་ཡ་ ཨ་དི་ཀ་རི་གིས་ མོ་རའི་ཁྱིམ་ནང་ལས་ མཛུབ་མོ་དཔག་སྟེ་ ཧེ་མ་ ག་ཏེ་དང་ག་ཏེ་ལུ་ ཁྱིམ་ཚང་ཚུ་གི་ ཁྱིམ་ཡོདཔ་ཨིན་ན་ཚུ་ སེམས་འཁྲུལ་སི་སི་སྦེ་ སྟོན་བྱིན་དོ་ཡོདཔ་བཞིན་དུ་ ས་ཁོངས་ཚུ་ བསྐོར་ར་རྐྱབ་འགྱོ་བའི་སྐབས་ ཆུའི་ཀ་ལི་རྙིངམ་ཚུ་ མཐོང་ཚུགས་པས།
ཁི་ན་མ་ཡ་ ཨ་དི་ཀ་རི་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཧེ་མ་ གཡུས་ཚན་ནང་ ནཝ་ཚཝ་ལ་སོགས་པ་ཚུ་ ག་ཅི་འཐོན་རུང་ གཅིག་གིས་གཅིག་ལུ་ རྒྱབ་སྐྱོར་འབད་དེ་ དགའ་ཏོག་ཏོ་སྦེ་ སྡོད་ཡོད་རུང་ གུང་པ་༦ གིས་ གཡུས་བཀོག་བཞག་སྟེ་ གནས་སྤོ་སོང་ཡི་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ ཁོང་ཆ་ཁྱབ་ཀྱིས་ གཡུས་བཀོག་བཞག་འགྱོ་བའི་སྐབས་ གནད་དོན་ག་ཅི་ཨིན་ན་ ཤེས་རྟོགས་མ་འབྱུང་རུང་ ཁོང་གི་ ལོ་ཐོག་དང་ རྡོག་མ་ཤིང་ དེ་ལས་ སྡོད་ཁྱིམ་ཚུ་ལུ་ རི་དྭགས་གླངམོ་ཆེ་དང་ སེམས་ཅན་ཚུ་གིས་ གནོདཔ་བཀལ་མི་ལུ་བརྟེན་ སོང་ཡོདཔ་སྦེ་ སླབ་དེས་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ གཡུས་ཚན་ནང་ ཁོང་བཟའ་ཚང་༢ རྐྱངམ་གཅིག་སྡོད་དེ་ ལོ་ངོ་༡༥ ལྷགཔ་ཅིག་ སོང་ཡི་ཟེར་ཨིནམ་ད་ གཡུས་བཀོག་བཞག་རུང་ གཞན་ཁར་ས་ཆ་མེད་ཟེར་ཨིནམ་ད་ ད་རེས་ གཡུས་ཚན་ནང་ ཁྱིམ་ཚང་མེདཔ་ལས་ ནཝ་ཚཝ་རེ་ འཐོན་པའི་སྐབས་ ཆ་རོགས་འབད་མི་མེད་པའི་ གདོང་ལེན་ཚུ་ བྱུངམ་མས་ཟེར་ཨིན་པས།
ད་རེས་ རྒེད་འོག་བདག་སྐྱོང་གིས་ གཡུས་ཚན་དེ་ནང་ ཁྱིམ་གུང་པ་༡ ལས་མེད་རུང་ སོ་ནམ་ཞིང་ལམ་དང་ གློག་མེ་ དེ་ལས་ འཐུང་ཆུའི་ཞབས་ཏོག་ཚུ་ མཐུད་སྦྲེལ་འབད་ཡོདཔ་མ་ཚད་ ཉི་དྲོད་སོ་ལར་གྱི་ ར་བའི་ཞབས་ཏོག་ཡང་ བྱིན་ནི་ཨིནམ་ལས་ ག་དེམ་ཅིག་ གདོང་ལེན་འབྱུང་རུང་ གཡུས་བཀོག་བཞག་ནིའི་ སེམས་མེད་ཟེར་ ཁི་ན་མ་ཡ་ ཨ་དི་ཀ་རི་གིས་ བཤདཔ་ཨིན་པས།
སྐྱེས་ལོ་༦༢ ལང་མི་ ནོར་བུ་ལྷ་མོ་གིས་ སླབ་མིའི་ནང་ གླངམོ་ཆེ་གིས་ ཚར་༥ དེ་ཅིག་ ཁྱིམ་བརྡལ་གཤིག་བཏང་ཡོདཔ་མ་ཚད་ ལོ་ཐོག་ཚུ་ཡང་ ག་ནི་ཡང་ བསྡུ་མ་ཚུགས་ཟེར་ཨིནམ་ད་ ལོ་ངོ་༡༨ དེ་ཅིག་གི་ཧེ་མར་ འབད་ཐབས་གཞན་ ག་ནི་ཡང་མེད་ནི་དེ་གིས་ གཡུས་ཚན་བཀོག་བཞག་ཡི་ཟེར་ཨིནམ་ད་ འདམ་གཙང་ལུ་ ས་ཆ་ཨེ་ཀར་༢ དེ་ཅིག་ ཡོད་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ གཞན་ཁར་ས་ཆ་མེདཔ་ལས་ མཱན་དིར་ཟེར་སར་ ལོ་༢ དེ་ཅིག་གི་རིང་ གཞན་གྱི་ས་ཆ་ནང་ ལཱ་འབད་སྡོད་ཅི་ཟེར་ཨིནམ་ད་ ཤུལ་ལས་ བཀྲིས་སྡིངས་ཁ་ལུ་ སའི་སྐྱིད་སྡུག་ཐོབ་ཡོདཔ་ལས་ དེ་ཁར་ སྤོ་བཤུད་འབད་ཡོདཔ་བཞིན་དུ་ ད་རེས་ གཞི་ཚུད་ཡོདཔ་ལས་ འདམ་གཙང་ལུ་ ལོག་འགྱོ་ནིའི་ འཆར་གཞི་མེད་ཟེར་ཨིན་པས།
དེ་བཟུམ་སྦེ་ སྐྱེས་ལོ་༤༡ ལང་མི་ ཟླ་བ་སྒྲོལ་མ་གིས་ སླབ་མིའི་ནང་ རི་དྭགས་སེམས་ཅན་ཚུ་གིས་ གནོདཔ་བཀལ་བའི་ཁར་ མོ་གི་བཟའ་ཚང་ནང་ ལོ་༡ ནང་ར་ མི་༥ ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ ཁྱིམ་ཚང་ཅིག་ལུ་ མི་༧ དེ་ཅིག་ ཤི་རྐྱེན་བྱུངམ་ལས་ གཡུས་ཚན་དེ་ འཚུབ་དྲགས་ཡོད་པའི་ དོགས་པ་ཡོད་མི་ལུ་བརྟེན་ གཡུས་བཀོག་བཞག་ཅི་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ད་རེས་ བཀྲིས་སྡིངས་ཁ་ལུ་ སྡོད་དོ་ཡོདཔ་བཞིན་དུ་ འདམ་གཙང་ལུ་ཡོད་མི་ ས་ཆ་ཚུ་ བཟའ་སྤྱོད་འབད་མ་ཚུགས་རུང་ ས་ཁྲལ་ཚུ་ བཏབ་སྟེ་ར་ཡོདཔ་ལས་ ས་ཚབ་ཀྱི་དོན་ལུ་ རྒེད་འོག་བདག་སྐྱོང་ལུ་ ཞུ་ཡིག་བཙུགས་ཡི་ཟེར་ཨིན་པས།
གླང་ཅན་རྒེད་འོག་དམངས་མི་ དབང་རྒྱལ་མཚན་གྱིས་ སླབ་མིའི་ནང་ ད་རེས་ གཡུས་ཚན་དེ་ སོ་ནམ་ཞིང་ལམ་དང་ འཐུང་ཆུ་ དེ་ལས་ གློག་མེ་ཚུ་ མཐུད་སྦྲེལ་འབད་ཡོདཔ་བཞིན་དུ་ རྒེད་འོག་སོ་ནམ་ཡིག་ཚང་དང་ ནགས་ཚལ་ཡིག་ཚང་གི་ རྒྱབ་སྐྱོར་ཐོག་ ཁྱིམ་གུང་པ་༡ གི་དོན་ལུ་ ཉི་དྲོད་སོ་ལར་གྱི་ ར་བའི་ཞབས་ཏོག་བྱིན་ནི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གཡུས་བཀོག་བཞག་མི་ཚུ་གིས་ ལོག་འོང་ནིའི་ རེ་བ་ཡོད་པ་ཅིན་ རྒེད་འོག་བདག་སྐྱོང་གིས་ ཁོང་ལུ་ཡང་ རྒྱབ་སྐྱོར་ཚུ་ འབད་ནི་ཨིན་ཟེར་ཨིནམ་ད་ ད་རེས་ འདམ་གཙང་ལུ་ མི་རྩིས་ཡོད་མི་༤༠ དེ་ཅིག་ཡོདཔ་བཞིན་དུ་ གཡུས་ཚན་དེ་ རྒེད་འོག་ལྟེ་བ་ལས་ ཀི་ལོ་མི་ཊར་༧ དེ་ཅིག་གི་ས་ཁར་ ཡོད་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

 

About admin

Check Also

རྒེད་འོག་བསྡབ་ནིའི་ གྲོས་འཆར་ལུ་ རྒཔོ་ཚུ་ སེམས་དང་མ་ལྡན་པར་ཡོདཔ།

༉ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒེད་འོག་ལས་བྱེད་ཚོགས་ཆུང་གིས་ རྒེད་འོག་༥༧ དེ་ཅིག་ རྒེད་འོག་གཞན་ཚུ་དང་བསྡབ་ནིའི་ གྲོས་འཆར་བཀོད་མི་དེ་ལུ་ དབང་འདུས་ཕོ་བྲང་རྫོང་ཁག་གི་ རྒཔོ་ཚུ་ལས་ ངོས་ལེན་ལེགས་ཤོམ་མེདཔ་ཨིན་པས། དེ་ཡང་ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒྱལ་ཁབ་ནང་ རྒེད་འོག་བསྡོམས་༢༠༥ ཡོད་མི་ལས་ …

Leave a Reply

Your email address will not be published. Required fields are marked *