འཆར་གཞི་ཚུ་ བསྟར་སྤྱོད་འབད་ནི་དང་ གཞི་འགྱམ་བཙུགས་ནི་ལུ་ གྲ་སྒྲིག་ཡོདཔ།

༉ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ འབྲུག་མཉམ་རུབ་ཚོགས་པའི་གཞུང་བརྙེས་ཏེ་ ལོ་༡ འཁོར་བའི་ གྲུབ་འབྲས་སྙན་ཞུ་ཚུ་ རྒྱང་མཐོང་ཊི་བི་ནང་ དངོས་མཐོང་སྦེ་ གསལ་ཞུ་འབད་ཡོདཔ་མ་ཚད་ གསར་ཤོག་ཚུ་ནང་ཡང་ གསལ་བཀོད་འབད་ཡོདཔ་ལས་ མི་མང་གིས་ ཤེས་རྟོགས་འབྱུང་ཚུགས་པའི་ རེ་བ་ཡོད།
གཞུང་གིས་ འདས་པའི་ལོ་༡ ནང་ རྒྱལ་ཁབ་དང་ མི་སེར་གྱི་མཐའ་དོན་ལུ་ ཕྱག་ལཱ་རྩ་འགེངས་གནང་མི་ཚུ་ གསལ་བཤད་འབད་མི་དང་བསྟུན་ སྤྱིར་བཏང་མི་མང་གིས་འབད་རུང་ ལཱ་གཡོག་ག་དེམ་ཅིག་ བཟོ་ཡོདཔ་ཨིན་ན་དང་ དཔལ་འབྱོར་ཡར་འཕེལ་ ག་དེམ་ཅིག་སོང་ཡོདཔ་ཨིན་ན་ ཁས་བླངས་ག་དེམ་ཅིག་ གྲུབ་ཡོདཔ་ཨིན་ན་ དེ་ལས་ ཡོདཔ་དང་མེད་པའི་བར་ན་ ཁྱད་པར་ག་དེམ་ཅིག་ བསུབ་ཡོདཔ་ཨིན་ནའི་སྐོར་ལས་ དོགས་སྣང་མི་ཆགས་ནི་ཨིན་མས།
ཨིན་རུང་ རང་ར་སོ་སོའི་ སྣང་འཆར་མ་འདྲ་མི་ལུ་བརྟེན་ ལ་ལོ་ཅིག་གིས་འབད་བ་ཅིན་ གཞུང་གིས་ ཞི་གཡོག་པའི་དངུལ་ཕོགས་ཡར་སེང་འབད་མི་དེ་ལུ་ བཀའ་དྲིན་དགའ་ཚོར་ཡོད་ལུགས་དང་ གཞན་མི་ཚུ་གིས་འབད་བ་ཅིན་ གཞུང་གིས་ འདས་པའི་ཉིན་གྲངས་༣༦༥ འཕྲོ་བརླག་བཏང་ཡི་ཟེར་ དབུགས་འགམ་བྱུང་ནུག།
མི་ཚུ་གིས་ རེ་འདོད་སྦོམ་བསྐྱེད་མི་དེ་ཡང་ ད་ལྟོ་ ཁས་བླངས་གསལ་བསྒྲགས་འབད་མི་ཚུ་ སེམས་ཁར་ཁྲ་ལམ་ལམ་སྦེ་ ཡོད་ནི་དེ་གིས་ཨིནམ་ད་ དེ་ཡང་ ལ་ལོ་ཅིག་གིས་ རིན་མེད་སྟོང་པར་འབད་མི་ ཝའི་ཕའེ་མཐུན་རྐྱེན་དང་ གཞན་མི་ཚུ་གིས་ དཔལ་འབྱོར་འཕེལ་སྐྱེད་དོན་ལུ་ གྲོས་ཐག་བཅད་མི་དང་ ཡང་ཅིན་ སྲིད་བྱུས་བརྩམས་མི་ཚུ་ལུ་ རེ་ཆེ་བསྐྱེདཔ་ཨིན་མས།
མ་གཞི་ ལོ་ངོ་དང་པའི་ གྲུབ་འབྲས་ཚུ་ལུ་ གཞི་བཞག་སྟེ་ བརྟག་ཞིབ་འབད་ནི་དེ་ཡང་ འོས་འབབ་ཡོད་མེད་ བལྟ་དགོཔ་འདུག།
ཕྱོགས་གཅིག་ལས་འབད་བ་ཅིན་ གཞུང་གི་ལམ་ཕྱོགས་དང་བསྟུན་ མཐོང་གསལ་འབྱུང་ཚུགས་ནི་མ་གཏོགས་ དུས་ཡུན་ཐུང་ཀུ་ཅིག་ནང་ གྲུབ་འབྲས་སྦོམ་འབྱུང་ཚུགས་པའི་ རེ་བ་བསྐྱེད་ནི་དེ་ཡང་ འཛོལ་བ་ཨིན་མས།
གཞུང་གིས་ གསལ་སྟོན་འབད་མི་ གྲུབ་འབྲས་གཙོ་ཅན་ཚུ་ཡང་ ཞི་གཡོག་པའི་དངུལ་ཕོགས་ཡར་སེང་དང་ སློབ་རིམ་༡༠ པའི་ སྐུགས་ཚད་མེདཔ་བཟོ་མི་ སྲིད་བྱུས་༩ དང་ གཙོ་རིམ་ལས་རིམ་༩ ཆ་འཇོག་གྲུབ་མི་ དེ་ལས་ གློག་ཁྲལ་བསྐྱར་བཟོ་དང་ མང་སྡེ་ཆུ་གློག་མེ་ལས་འགུལ་ འགོ་བཙུགས་མི་ཚུ་ཨིན་མས།
གཞུང་གིས་ སོར་སྒྱུར་དོན་ལས་ རྨང་གཞི་བཙུགས་ནི་ལུ་ དམིགས་གཏད་བཟུང་དོ་ཡོདཔ་ད་ གལ་སྲིད་ རྨང་གཞི་དེ་ར་ སྒྲིང་སྒྲི་ཡོད་པ་ཅིན་ འགན་ཁུར་གལ་ཅན་ཚུ་འབག་ནི་ལུ་ གཞི་རྟེན་ལེགས་ཤོམ་ཅིག་ཨིན་ཟེར་ ཨིན་མས།
ད་རེས་ སྒེར་སྡེ་ཚུ་གིས་ དཔལ་འབྱོར་ཉམས་སུ་འགྱོ་མི་ལུ་བརྟེན་ གཞུང་གིས་ བར་འབྲེལ་འཐབ་དགོ་པའི་ ཉོགས་བཤད་བཀོད་དོ་ཡོདཔ་ད་ ན་གཞོན་ཚུ་གི་ཐད་ཁར་ ལཱ་གཡོག་ཉུང་མི་ལུ་བརྟེན་ དབུགས་འགམ་བྱུང་དོ་ཡོདཔ་ལས་ ལས་གཡོག་ལྷན་ཁག་ལུ་ བློ་གཏད་མེདཔ་འགྱོ་དོ་ཡོདཔ་ཨིན་མས།
གཞུང་གིས་འབད་བ་ཅིན་ ལོ་ངོ་དང་པའི་ནང་ ཧབ་ཐོབ་མི་རྐྱབ་ནི་སྦེ་ གྲོས་ཐག་ལེགས་ཤོམ་བཅད་ཡོདཔ་ད་ ཤུལ་མའི་ལོ་ཚུ་ནང་ དཔལ་འབྱོར་ཡར་ཐོན་དང་ ལཱ་གཡོག་གསར་བཟོ་ ཚོང་འབྲེལ་ལེགས་བཅོས་ དེ་ལས་ འོས་ལྡན་སྲིད་བྱུས་ལ་སོགས་པ་ཚུ་ བསྟར་སྤྱོད་འབད་ནི་ཨིན་མས།
ད་རེས་ སྲིད་དོན་ཁག་དབྱེ་ལུ་བརྟེན་པའི་ འཐུས་ཤོར་ཚུ་ མ་འབྱུང་མི་ལུ་བརྟེན་ གཞུང་ལུ་ སྟབས་བདེ་དང་ གོ་སྐབས་སྦོམ་ཡོདཔ་ལས་ གཞུང་སྐྱོང་ལོ་ངོ་༢ པའི་ནང་ འཆར་གཞི་ཚུ་ བསྟར་སྤྱོད་འབད་ནི་དང་ གཞི་འགྱམ་བཙུགས་ནི་ལུ་ གྲ་སྒྲིག་ཡོདཔ་ད་ གཞུང་གིས་ འདས་པའི་ལོ་༡ གི་ དུས་དྲན་འབད་མི་དེ་ གཞུང་སྐྱོང་ཚུལ་མཐུན་བཞག་ནི་ལུ་ ཐབས་ལམ་ལེགས་ཤོམ་ཅིག་ཨིནམ་ལས་ ང་བཅས་ར་ ངལ་རངས་བསྐྱེད་དགོཔ་འདུག།

About admin

Check Also

གནས་ཚུལ་མདོར་བསྡུས།

སྤྱི་ཟླ་༡༡ པའི་ཚེས་༧ ལུ་ ཐིམ་ཕུག་བདེ་ཆེན་ཕུག་གི་ ལོ་བསྟར་ཚེས་བཅུ་ འགོ་འདྲེན་འཐབ་པའི་སྐབས་ དད་ཅན་བརྒྱ་ལས་བཅད་དེ་ འཛོམས་མི་ཚུ་ལུ་ ཞྭ་ནག་རྔ་འཆམ་དང་ དགེ་བསྙེན་སྐུ་འཆམ་ ཤ་རྫམ་ རྔ་འཆམ་ཚུ་ མཇལ་ཁ་གནང་ཡོདཔ་བཞིན་དུ་ ལོ་བསྟར་ཚེས་བཅུ་དེ་ སྤྱི་ལོ་༢༠༠༣ …

Leave a Reply

Your email address will not be published. Required fields are marked *