འཆར་གཞི་དང་ ལག་ལེན་མཐུན་དགོཔ།

༉ འབྲུག་གི་ སྲིད་བྱུས་རྩམ་མི་དང་ གྲོས་ཐག་བཅད་མི་ཚུ་གིས་ འཛམ་གླིང་རྒྱལ་ཁབ་གཞན་བཟུམ་སྦེ་ འཆར་སྣང་དང་ དམིགས་གཏད་ ཐབས་བྱུས་ཚུ་ བརྩམ་ནི་ལུ་ མཁས་དྲགས་ཡོད་རུང་ ལག་ལེན་ནང་ལྷོདཔ་ད་ འཐུས་ཤོར་མང་སུ་བྱུངམ་ཨིན་མས།
ང་བཅས་ཀྱིས་ ཐབས་བྱུས་བརྩམས་དགོ་མི་དེ་ར་ དམིགས་ཡུལ་འགྲུབ་ཐབས་ལུ་ཨིནམ་ད་ འཆར་གཞི་དང་འཁྲིལ་ ལག་ལེན་མ་འཐབ་པ་ཅིན་ ནམ་ཡང་མཐར་འཁྱོལ་འབྱུང་མི་ཚུགས།
དམིགས་ཡུལ་འགྲུབ་མ་ཚུགས་པའི་དཔེ་ཅིག་ བད་ཀན་ནད་གཞི་ལུ་ བཞག་པ་ཅིན་ འདས་པའི་ལོ་ངོ་བཅུ་ཕྲག་༢ ཀྱི་ཧེ་མར་ འབྲུག་གིས་ བད་ཀན་ནད་གཞི་དེ་ མར་ཕབ་དང་ འགྲོས་ཀྱི་བཏང་སྟེ་ རྩ་མེད་གཏང་ནི་གི་ དམིགས་གཏད་འབད་རུང་ ད་ལྟོའི་བར་ན་ཡང་ གནས་ཚད་ཅོག་འཐདཔ་ཡོད་མི་ལུ་བརྟེན་ གསོ་བ་བློན་པོ་གིས་འབད་རུང་ ཡིག་ཆའི་ནང་ དམིགས་གཏད་གསལ་བཀོད་འབད་མི་དང་ ལཱ་ངོ་མ་འབད་ཐངས་༢ ཀྱི་བར་ན་ ཁྱད་པར་སྦོམ་ཆགས་ཏེ་འདུག་ཟེར་ སླབ་མི་ལས་ ཧ་གོ་ཚུགས་པས།
ད་རེས་འབད་རུང་ འབྲུག་གིས་ སྤྱི་ལོ་༢༠༣༠ འི་ནང་འཁོད་ལུ་ རྒྱལ་ཁབ་ནང་ བད་ཀན་ནད་གཞི་ རྩ་མེད་གཏང་ནིའི་ དམིགས་གཏད་བསྐྱེདཔ་ཨིན་རུང་ ད་ལྟོའི་གནས་ཚད་ནང་ མགྱོགས་ཚད་ཐོག་ལུ་ར་ ལཱ་འབད་སྡོད་པ་ཅིན་ དམིགས་གཏད་འགྲུབ་ཚུགས་པར་ ལཱ་ཁག་འོང་ནི་དང་ ལོ་ངོ་༢༠ དེ་ཅིག་གི་རྒྱབ་ལས་འབད་རུང་ གནས་སྟངས་དེ་སྦེ་ར་ ལུས་ནི་དང་ ཡང་ཅིན་ དེ་བ་སྐྱོ་སུ་འགྱོ་ནིའི་ ཉེན་ཁ་འདུག།
ག་འཆརཔ་ཟེར་བ་ཅིན་ གསོ་བའི་གནས་སྡུད་དང་འཁྲིལཝ་ད་ དུས་ཅི་ སྤྱི་ཟླ་༡༠ པ་མཇུག་བསྡུ་བའི་སྐབས་ བད་ཀན་ཐོབ་མི་བསྡོམས་༩༡༦ ཐོ་བཀོད་འབད་ཡོད་མིའི་གྲས་ལས་༥༥ སྨན་ནུས་ཆུང་བའི་བད་ཀན་ ཨེམ་ཌི་ཨར་ཨིནམ་བཞིན་དུ་ བད་ཀན་ཐོབ་མི་ བརྒྱ་ཆ་༨༠ རྫོང་ཁག་༨ ནང་ཡོད་མི་ལས་ མང་ཤོས་ར་ ཐིམ་ཕུག་དང་ གསར་སྤང་ དེ་ལས་ མོང་སྒར་རྫོང་ཁག་ཚུ་ནང་ཨིན་མས།
དེ་གིས་མ་དོ་བར་ རྒྱལ་ཁབ་ནང་ ཨེམ་ཌི་ཨར་བད་ཀན་ བརྒྱ་ཆ་༡༣ དེ་ཅིག་ཡོད་མི་དེ་ ལྷོ་ཨེ་ཤི་ཡ་ ལུང་ཕྱོགས་ནང་ མཐོ་ཤོས་ཅིག་ཨིནམ་ལས་ ཚ་གྱང་ལང་དགོཔ་ཅིག་ཨིནམ་ད་ ད་ལྟོའི་གནས་སྟངས་ནང་བཟུམ་སྦེ་ སྡོད་པ་ཅིན་ ང་བཅས་རའི་ མི་སྡེ་ནང་འཁོད་ལུ་ ནད་འབུབ་ཁྱབ་སྤེལ་འགྱོ་ནིའི་ ཉེན་ཁ་འདུག།
ཤར་ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་ནང་ སྤྱི་ལོ་༢༠༣༠ ལུ་ བན་ཀན་རྩ་མེད་གཏང་ནི་དེ་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ གཙོ་རིམ་ཅན་གྱི་ ལས་སྣ་ཅིག་ཨིནམ་བཞིན་དུ་ འབྲུག་གིས་ཡང་ དམིགས་གཏད་དེ་འགྲུབ་ཚུགསཔ་ འབད་དགོ་པ་ཅིན་ ཁ་དང་ལགཔ་རྟགས་མཐུན་ཐོག་ལས་ བརྩོན་ཤུགས་བསྐྱེད་དགོཔ་བཞིན་དུ་ དེ་གི་དོན་ལུ་ གསོ་བའི་ལས་བྱེདཔ་ཚུ་གིས་ མཉམ་འབྲེལ་གྱི་ ཐབས་ལམ་དང་ ཐབས་བྱུས་ཚུ་ལུ་ གྲོས་བསྡུར་འབད་དེ་ ལཱ་འབད་དགོཔ་དེ་ཁག་ཆེ།
མདོར་བསྡུ་བ་ཅིན་ གསོ་བའི་ཁ་ཐུག་ལས་ བད་ཀན་རྩ་མེད་གཏང་ནིའི་ ཐབས་བྱུས་བརྩམས་མི་དང་འཁྲིལ་ ང་བཅས་ག་ར་གིས་ དམིགས་གཏད་གཅིག་ལུ་བསྐྱེད་དེ་ ལཱ་འབད་བ་ཅིན་ ནད་གཞི་བཀག་འཛིན་འབད་མ་ཚུགས་པའི་ དཔེ་མི་བསྲད།

About admin

Check Also

གནམ་གཤིས་འགྱུར་བགྲོད་ཀྱིས་ སྐྱེ་ལྡན་རིགས་སྣ་ལུ་གནོད་ཉེན།

༉ རྒྱལ་སྤྱི་འཛམ་གླིང་ནང་ སྐྱེ་ལྡན་རིགས་སྣ་༡༡,༠༠༠ དེ་ཅིག་ཡོད་མི་ལས་ འབྲུག་རྒྱལ་ཁབ་འདི་ སྐྱེ་ལྡན་རིགས་སྣ་གིས་ ཕྱུག་མི་ཅིག་ཨིནམ་ད་ རྒྱལ་ཁབ་ཀྱི་ས་ཁོངས་དང་ སའི་ཆགས་ཚུལ་ སའི་དབྱིབས་དང་འཁྲིལ་ ཤིང་སྣ་དང་ སྲོག་ཆགས་སྣ་ཚོགས་ཀྱིས་ གང་ཡོདཔ་ཨིན། ཨིན་རུང་ འཛམ་གླིང་གངས་ལྗོངས་ནང་ …

Leave a Reply

Your email address will not be published. Required fields are marked *