འཆར་གཞི་༡༢ པའི་ དམིགས་གཏད་འགྲུབ་ཐབས་ལུ་ གནང་བྱིན་དང་ ཡང་ཅིན་ སྐྱེད་གུ་སྦེ་ མ་དངུལ་འཚོལ་བསྒྲུབ་འབད་ནི།

༉ མཉམ་རུབ་ཚོགས་པའི་གཞུང་གིས་ རྒྱལ་སྤྱི་ལས་ གནང་བྱིན་དང་ ཡང་ཅིན་ སྐྱེད་ཉུང་ཐོག་ལས་ མ་དངུལ་འཚོལ་ཏེ་ འཆར་གཞི་༡༢ པའི་དམིགས་གཏད་ ཡོངས་རྫོགས་འགྲུབ་ནིའི་དོན་ལུ་ ཕྱག་ལཱ་ཚུ་ གནང་དོ་ཡོདཔ་ཨིན་པས།
དེ་ཡང་ ངང་ལམ་འདེམས་ཁོངས་ཀྱི་འཐུས་མི་ ཆོས་གྲགས་རྒྱ་མཚོ་གིས་ དྲི་བ་བཀོད་པའི་ལན་ལུ་ ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ ཞུ་ཡི།
འཐུས་མི་ཆོས་གྲགས་རྒྱ་མཚོ་གིས་ ཞུ་མིའི་ནང་ རྒྱལ་ཁབ་ནང་ མཉམ་འབྲེལ་ཞལ་འཛོམས་ཐེངས་༡༤ པ་ འགོ་འདྲེན་འཐབ་དགོ་མི་དེ་ཡང་ འཆར་གཞི་༡༢ པའི་ ལས་སྣ་ཚུའི་དོན་ལུ་ མ་དངུལ་དང་ སྐྱིན་འགྲུལ་ལེན་ནིའི་དོན་ལུ་ཨིན་ཟེར་ ཨིན་པས།
འཆར་གཞི་༡༢ པའི་ ལོ་ངོ་དང་པ་དེ་ མཇུག་བསྡུ་ནིའི་གུ་ལྷོད་མི་དང་འབྲེལ་ ལོ་ངོ་༢ པ་ འགོ་བཙུགས་རན་དོ་ཡོདཔ་ལས་ རྩིས་ཆད་མ་དངུལ་ས་ཡ་༦༥༠༠ ལྷགཔ་ཅིག་ཡོད་མི་དེ་ ལོག་བཏབ་ནི་དང་ ཡང་ཅིན་ བསུབ་ནིའི་དོན་ལུ་ རྒྱལ་སྤྱི་ལས་ གནང་བྱིན་དང་ འཛམ་གླིང་དངུལ་ཁང་ཚུ་ལས་ བུ་ལོན་ག་དེམ་ཅིག་ ལེན་ཡོདཔ་ཨིན་ན་དང་ ཡང་ཅིན་ ཐོབ་ཡོདཔ་ཨིན་ན་ཟེར་བའི་ དྲི་བ་ཞུ་ཡི།
ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ ཞུ་མིའི་ནང་ མཉམ་འབྲེལ་ཞལ་འཛོམས་ སྤྱི་ཟླ་༣ པའི་ནང་ འགོ་འདྲེན་འཐབ་དགོ་པའི་ དམིགས་གཏད་དེ་ཡང་ མ་དངུལ་དང་ བུ་ལོན་འཚོལ་ནིའི་དོན་ལུ་མེན་པར་ ཞལ་འཛོམས་ཐེངས་༧ པ་དང་༨ པ་དེ་ ཇི་ནི་བ་ལུ་ གནང་པའི་ཤུལ་ལས་ འབྲུག་རྒྱལ་ཁབ་ནང་ འགོ་འདྲེན་འཐབ་ནུག་ཟེར་ཨིན་པས།
ཞལ་འཛོམས་ཐེངས་༡༤ པའི་དམིགས་གཏད་ གནད་དོན་༤ གུ་ བཞག་ཡོད་མི་ལས་ དང་པ་དེ་ མཉམ་རུབ་གོང་འཕེལ་ཟེར་ གོང་འཕེལ་གྱི་སྲིད་བྱུས་གུ་ བསྟུན་གྲོས་འབད་ནིའི་དམིགས་གཏད་དང་ གཉིས་པ་དེ་ གྲོགས་རམ་འཚོལ་ནིའི་དོན་ལུ་ འབྲེལ་མཐུན་འབད་ནི་ཨིན་པས།
གནད་དོན་༣ པ་དེ་ འཆར་གཞི་༡༢ པའི་སྐོར་ལས་ བསྡོམས་རུབ་ཚུ་ལུ་ ལས་སྣ་ཁ་གསལ་སྦེ་ གོ་བརྡ་སྤེལ་ནི་ དང་ གནད་དོན་༤ པའི་ཐད་ཁར་ འབྲུག་རྒྱལ་ཁབ་འདི་ གོང་འཕེལ་མ་འགྱོ་བར་ཡོད་མི་དེ་ གོང་འཕེལ་མདུན་དུ་སྤོ་ཚུགས་མི་ལུ་ བཀྲིན་དགའ་ཚོར་གྱི་དོན་ལུ་ཨིན་ཟེར་ བློན་པོ་གིས་ཞུ་ཡི།
འཆར་གཞི་༡༢ པ་དེ་ སྤྱི་ལོ་༢༠༡༩ ཟླ་༡ པའི་ནང་ འགོ་བཙུགས་ཡོདཔ་ལས་ ད་ལྟོ་ ལོ་ངོ་དང་པའི་ནང་ར་ཡོད་ཟེར་ཨིནམ་ད་ རྩིས་ལོ་འབད་བ་ཅིན་ དུས་ཅི་སྤྱི་ཟླ་༧ པ་ལས་ འགོ་བཙུགས་ནི་ཨིན་པས།
ཧེ་མ་ གྲལ་གཏོགས་མེད་མི་འཐུས་གསརཔ་༨༩ དེ་ཅིག་གིས་ གྲོས་འཛོམས་ནང་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ ཡོངས་བསྡོམས་འཐུས་མི་༢༠༠ ལྷགཔ་ཅིག་གིས་ ཞལ་འཛོམས་ནང་འོང་ཡོདཔ་ལས་ མ་དངུལ་གྱི་ རྒྱབ་སྐྱོར་ཚུ་ཡང་ འབོར་ཆེ་ཏོག་ཏོ་སྦེ་ ཐོབ་ཚུགས་ཅི་ཟེར་ ཞུ་ཡི།
གཞུང་གི་རེ་འདོད་ལས་འབད་བ་ཅིན་ ཕྱི་ཁ་ལས་ མ་དངུལ་གྱི་གྲོགས་རམ་ དངུལ་ཀྲམ་ཐེར་འབུམ་༦༣ དང་ ས་ཡ་༢༠༠ དེ་ཅིག་ ཐོབ་ཡོད་མི་ལས་ རྒྱ་གར་གཞུང་གིས་ དངུལ་ཀྲམ་ཐེར་འབུམ་༤༥ གནང་ཡོདཔ་ད་ དངུལ་ཀྲམ་ཐེར་འབུམ་༢༠ ལྷགཔ་ཅིག་ ལས་འགུལ་ཚུ་གི་དོན་ལུ་ ཐག་བཅད་ཚར་ཡི་ཟེར་ ཞུ་ཡི།
ཟུང་ཕྱོགས་ལས་སྡེ་ ཡུ་རོ་པི་ཡན་ ཡུ་ནི་འོན་དང་ ཇ་པཱན་ ཨཱསི་ཊེ་ཡ་ ཀོ་རི་ཡ་རྒྱལ་ཁབ་ཚུ་དང་ འབྲེལ་བ་འཐབ་སྟེ་ མ་དངུལ་ཐེར་འབུམ་༨.༧ ཐོབ་ཡོདཔ་བཞིན་དུ་ ཚོགས་ཐེངས་༡༤ པའི་ཤུལ་ལས་ ཡུ་རོ་པི་ཡན་ མཐུན་ཚོགས་ལས་ ཤོག་འཛིན་ཅེག་སྦེ་ ཡུ་རོ་ས་ཡ་༩.༥ ཐོབ་ཅི་ཟེར་ ཞུ་ཡི།
དེ་བཟུམ་སྦེ་ བློན་ཆེན་ཡང་ འཕྲལ་མགྱོགས་ར་ ཡུ་རོ་པི་ཡན་རྒྱལ་ཁབ་ཚུ་ནང་ བྱོན་དགོཔ་སྦེ་ ཞུ་བ་ལྷོད་མི་དང་འཁྲིལ་ ཤུལ་མའི་བདུན་ཕྲག་ནང་ བྱོན་ཞིནམ་ལས་ མ་དངུལ་གྱི་ གྲོགས་རམ་ཁ་སྐོང་ཕུལ་ནི་སྦེ་ ཁ་བླངས་འབད་དེ་ཡོད་ཟེར་ བློན་པོ་གིས་ཞུ་ཡི།
མང་ཕྱོགས་ལས་སྡེ་ལས་ མ་དངུལ་ཐེར་འབུམ་༤ དེ་ཅིག་ཐོབ་ཡོདཔ་ད་ འཛམ་གླིང་དངུལ་རྩིས་གཙུག་སྡེ་ཚུ་ལས་ མ་དངུལ་ཐེར་འབུམ་༥.༥ དང་ གཅིག་བསྡོམས་རྒྱལ་ཁབ་ ཀུ་ཝེཌ་ལས་ མ་དངུལ་ས་ཡ་༢ དང་ ཇི་ནི་བ་དང་ གནམ་གཤིས་གནས་སྟངས་ཀྱི་ དངུལ་རྩིས་ལས་ཁང་ལས་ ཡུ་ཨེསི་ཌོ་ལར་ས་ཡ་༥༠ དེ་ཅིག་ ཨི་ཕཌ་ལས་ ཡི་རོ་ས་ཡ་༡༡ དེ་ཅིག་ ཐོབ་ཅི་ཟེར་ཞུ་ཡི།
ད་ལྟོ་ ཕྱིའི་རྒྱལ་ཚུ་ལས་ མ་དངུལ་ཐོབ་མི་དེ་ འགོ་བཙུགས་ཅིག་ཨིནམ་ལས་ ད་ལས་ཕར་ མ་དངུལ་གྱི་གྲོགས་རམ་སྦོམ་སྦེ་ར་ འཐོབ་ཚུགས་པའི་གོ་སྐབས་ཡོདཔ་ལས་ རེ་བ་ལྷག་པའི་ གྲུབ་འབྲས་བཏོན་ཚུགས་ཟེར་ ཞུ་ཡི།
དེ་བཟུམ་སྦེ་ ངང་ལམ་གྱི་འཐུས་མི་གིས་ ལྷན་ཐབས་ཀྱི་དྲི་བ་ནང་ མཉམ་འབྲེལ་ཞལ་འཛོམས་ཀྱི་ གྲུབ་འབྲས་ལུ་བརྟེན་ རྒྱལ་སྤྱི་དངུལ་ཁང་ཚུ་ལས་ དངུལ་ཀྲམ་ཐེར་འབུམ་༥.༥ དང་ རྒྱ་གར་ལས་ དངུལ་ཀྲམ་ཐེར་འབུམ་༤༥ གནང་མི་དེ་ གནང་བྱིན་སྦེ་ཐོབ་ཨིན་ན་ ཡང་ཅིན་ སྐྱིན་འགྲུལ་སྦེ་ཐོབ་ཡོདཔ་ཨིན་ན་ གལ་སྲིད་ སྐྱིན་འགྲུལ་ཨིན་པ་ཅིན་ སྐྱེད་བརྒྱ་ཆ་ག་དེམ་ཅིག་ཨིན་ནའི་ ཁ་གསལ་ཞུ་དགོཔ་སྦེ་ ཞུ་ཡི།
བློན་པོ་གིས་ ཞུ་མིའི་ནང་ ཨེ་ཤི་ཡན་གོང་འཕེལ་དངུལ་ཁང་ལས་ དངུལ་ཀྲམ་ས་ཡ་༤༡༧.༥ གནང་བྱིན་དང་ དངུལ་ཀྲམ་ས་ཡ་༤༠༠ དེ་ཅིག་ སྐྱེད་ཉུང་ཐོག་ལས་ཐོབ་ཅི་ཟེར་ཨིནམ་ད་ ཨི་ཕཌ་ལས་ དངུལ་ཀྲམ་ས་ཡ་༡༡ ཐོབ་ཡོད་མི་ལས་ དངུལ་ཀྲམ་ས་ཡ་༡༠ སྐྱེད་ཆུང་ཀུ་སྦེ་ཐོབ་ཡོདཔ་བཞིན་དུ་ གསོ་བའི་ལྷན་ཁག་ལུ་ ཨེ་ཤི་ཡན་གོང་འཕེལ་དངུལ་ཁང་ལས་ ཡུ་ཨེསི་ཌོ་ལར་ས་ཡ་༢༠ དེ་ཅིག་ གནང་མི་དེ་ཡང་ གནང་བྱིན་གྱི་ཐོག་ལས་ཨིན་ཟེར་ ཞུ་ཡི།
གྲོགས་རམ་གནང་མི་ཚུ་གི་གྲས་ལས་ མང་ཤོས་ཅིག་ གནང་བྱིན་ཐོག་ལས་ཨིན་ཟེར་ཨིནམ་ད་ དངུལ་ཀྲམ་ས་ཡ་༡༡ དང་༡༢ ཀྱི་བར་ན་ སྐྱིན་འགྲུལ་གྱི་ཐོག་ལས་ལེན་ཡོདཔ་ད་ ལ་ལོ་ཅིག་ ལོ་༥ ཚུན་ སྐྱེད་ག་ནི་ཡང་ སྤྲོད་མ་དགོཔ་སྦེ་ བྱིན་ཡོདཔ་ད་ ལ་ལོ་ཅིག་ སྐྱེད་བརྒྱ་ཆ་༡ སྦེ་ བྱིན་ནིའི་ཞུ་བ་ལྷོད་དེ་ཡོད་ཟེར་ ཨིན་པས།
གོང་འཕེལ་འགྱོ་བའི་བསྒང་གི་ རྒྱལ་ཁབ་གྲངས་སུ་ཚུདཔ་ད་ རང་གིས་རང་ལངམ་སྦེ་ འཆར་གཞི་༡༣ པའི་དོན་ལུ་ འགྱོ་དགོ་པ་ཅིན་ མ་དངུལ་ཚུ་ ག་དེ་དྲག་དྲག་འཚོལ་ཏེ་ སྒྲིང་སྒྲི་བཟོ་དགོཔ་གལ་ཆེ་ཟེར་ བློན་པོ་གིས་ ཞུ་ཡི།
གཞུང་གིས་ སྐྱིན་འགྲུལ་ལོག་བཏབ་ཚུགས་མི་ རྐྱངམ་གཅིག་ལེན་དོ་ཟེར་ཨིནམ་ད་ རྒྱ་གར་གཞུང་གིས་ དངུལ་ཀྲམ་ཐེར་འབུམ་༤༥ དེ་ཅིག་གནང་མིའི་གུ་ སྨན་ཁང་གསརཔ་རྐྱབ་ནིའི་དོན་ལས་ ད་རུང་ གནང་བྱིན་སྦེ་ མ་དངུལ་ཐེར་འབུམ་༧ ལྷགཔ་ཅིག་ ཁས་བླངས་འབད་དེ་ཡོད་ཟེར་ ཞུ་ཡི།
པཱན་སྦང་འདེམས་ཁོངས་ཀྱི་ འཐུས་མི་རྡོ་རྗེ་དབང་འདུས་ཀྱིས་ ཞུ་མིའི་ནང་ འཆར་གཞི་༡༢ པའི་ནང་ མ་དངུལ་ཡོངས་བསྡོམས་ དངུལ་ཀྲམ་ཐེར་འབུམ་༣༡༠ དགོཔ་འབདཝ་ད་ མ་དངུལ་ཐེར་འབུམ་༢༩ དེ་ཅིག་ལང་མ་ཚུགས་པར་ཡོདཔ་ཨིན་རུང་ བློན་པོ་གིས་ མ་དངུལ་ཐེབས་ཐོབ་ཅི་ཟེར་ ལན་ཕུལ་མིའི་གུ་ ཐེབས་མ་མཇལ་ཟེར་ ཞུ་ཡི།
དེ་ཡང་ ཁྱད་རིག་སྨན་ཁང་དང་ ཨམ་སྲུ་ཨ་ལོའི་འཐུས་ ཝའི་ཕའེ་གི་འཐུས་ ཡོངས་བསྡོམས་དངུལ་ཀྲམ་ཐེར་འབུམ་༤༠ དེ་ཅིག་ཡོད་ཟེར་ བློན་ཆེན་གྱིས་ གསུངས་ཡོདཔ་ད་ དེ་ཡང་ དངུལ་ཀྲམ་ཐེར་འབུམ་༢༩ གུ་ ཐེབས་ ཐེར་འབུམ་༤༠ ཡོད་མི་དེ་ སོ་སོར་ཡོདཔ་ཨིན་ན་ གོ་བ་ལེན་མ་ཚུགས་ཟེར་ ཞུ་ཡོདཔ་ད་ ཁྱད་རིག་སྨན་ཁང་ལུ་ དངུལ་ཀྲམ་ཐེར་འབུམ་༡༠ དང་ ཨམ་སྲུ་དང་ཨ་ལོ་ལུ་ དངུལ་ཀྲམ་ཐེར་འབུམ་༩ དེ་ལས་ ཝའི་ཕའེ་ལུ་དངུལ་ཀྲམ་ཐེར་འབུམ་༩ གཞན་མི་ལུ་ག་ར་བསྡོམས་ད་ མ་དངུལ་དགོཔ་ར་ དངུལ་ཀྲམ་ཐེར་འབུམ་༤༠ ཐོནམ་མས་ཟེར་ཨིན་པས།
དེ་འབདཝ་ལས་ དངུལ་ཀྲམ་ཐེར་འབུམ་༤༠ དང་ དངུལ་ཀྲམ་ཐེར་འབུམ་༢༩ བསྡོམས་པ་ཅིན་ མ་དངུལ་ཐེར་འབུམ་༦༩ དེ་ཅིག་ མ་ལངམ་བཟུམ་ཅིག་མཇལ་དོ་ཡོདཔ་ལས་ མ་དངུལ་མ་ལང་མི་ཚུ་ སྐྱིན་འགྲུལ་ཐོག་ལས་ ལེན་ནིའི་འཆར་གཞི་ཡོདཔ་ཨིན་ན་དང་ ཡང་ཅིན་ གྲོགས་རམ་གྱི་ཐོག་ལས་ ལེན་ནིའི་འཆར་གཞི་ཡོད་ག་ཟེར་ དྲི་བ་བཀོད་ཅི།
དེ་མ་ཚད་ མང་སྡེ་ཆུ་གློག་མེ་འཕྲུལ་ཁང་ལས་ འོང་འབབ་དངུལ་ཀྲམ་ཐེར་འབུམ་༡༩ ཐོན་མི་དེ་ དངུལ་ཕོགས་ཡར་སེང་གི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༢༠ གནས་དོ་ཡོདཔ་ལས་ དེ་གིས་ཡང་ ལང་མ་ཚུགསཔ་ལས་ ག་དེ་སྦེ་འཚོལ་ནིའི་ འཆར་གཞི་ཡོདཔ་ཨིན་ན་ཟེར་ ཁ་གསལ་དགོཔ་སྦེ་ ཞུ་ཡི།
བློན་པོ་གིས་ འཆར་གཞི་༡༢ པའི་ནང་ མ་དངུལ་ཐེར་འབུམ་༢༩ དེ་ཅིག་ མ་ལང་པར་ཡོད་མི་དང་ ཁྱད་རིག་སྨན་ཁང་དང་ ཨམ་སྲུ་ཨ་ལོའི་འཐུས་ དེ་ལས་ ཝའེ་ཕའི་གི་འཐུས་ཀྱི་དོན་ལུ་ མ་དངུལ་ཐེར་འབུམ་༡༡ སྐལཝ་ད་ ཐེར་འབུམ་༤༠ ཐོན་ཡི་ཟེར་ དོགས་སེལ་སྦེ་ ཞུ་ཡི།
རྒྱལ་ཁབ་འདི་ གོང་འཕེལ་འགྱོ་བའི་ རྒྱལ་ཁབ་ཀྱི་གྲངས་སུ་ཚུད་ཡོད་མི་ལུ་བརྟེན་ བརྟན་ཏོག་ཏོ་དང་ སྒྲིང་སྒྲི་ཐལ་དགོཔ་གལ་ཆེ་ཟེར་ཨིནམ་ད་ གལ་སྲིད་ རྒྱལ་ཁབ་འདི་ འཐུས་ཤོར་སོ་པ་ཅིན་ གོང་འཕེལ་མ་འགྱོ་བའི་ རྒྱལ་ཁབ་ཚུ་གི་གྲངས་སུ་ ལོག་ཚུད་ནིའི་ཉེན་ཁ་ཡོདཔ་ལས་ གཞུང་གི་ཁ་ཐུག་ལས་ མ་དངུལ་ག་དེམ་ཅིག་མང་སུ་སྦེ་ འཐོབ་ཚུགས་པ་ཅིན་ གནང་བྱིན་གྱི་གྲངས་སུ་སྦེ་ལེན་ནི་དང་ དེ་མེན་པ་ཅིན་ སྐྱེད་སྟབས་བདེ་ཏོག་ཏོ་སྦེ་ ལེན་ཞིནམ་ལས་ མ་རྩ་ལེགས་ཤོམ་སྦེ་ གཞི་བཙུགས་འབད་ཚུགས་པ་ཅིན་ རྒྱལ་ཁབ་ནང་ བརྟན་ཏོག་ཏོ་འགྱོ་འོང་ཟེར་ ཞུ་ཡི།
སྨན་ཁང་རྐྱབ་ནི་དེ་ཡང་ མཐའ་བཅད་སོང་ཡོད་པའི་ཁར་ ཨམ་སྲུ་དང་ཨ་ལོའི་འཐུས་ཡང་ གསོ་བའི་བློན་པོ་གིས་ འཛམ་གླིང་དངུལ་ཁང་ཚུ་དང་ གྲོས་བསྟུན་འབད་ཞིནམ་ལས་ ཕུལ་ཚུགསཔ་འབད་ནི་ཨིན་ཟེར་ཨིནམ་ད་ ད་ལྟོ་ གཞུང་སྐྱོང་གི་ ཕྱག་ལཱ་གནང་སྟེ་ ཟླཝ་༧ དེ་ཅིག་ལས་བརྒལ་ མ་ལང་པར་ཡོདཔ་ལས་ འཕྲོ་མཐུད་དེ་ ཕྱག་ལཱ་གནང་ནིའི་ལས་རིམ་ཡོད་ཟེར་ ཞུ་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

བཀྲིས་གཡང་རྩེའི་ མི་སེར་ཚུ་གིས་ སྒོ་ནོར་གསོ་སྐྱོང་འབད་ནི་ལུ་ སྤྲོ་བ་བསྐྱེད་དོ་ཡོདཔ།

༉ བཀྲིས་གཡང་རྩེ་ཁྲོམ་ཁར་ ཨོ་ཆས་བཙོང་སའི་ཁང་མིག་ནང་ དྲོ་པ་ལས་ར་ ཨོམ་དང་མར་ དར་ཚིལ་ ཞོ་གིས་ གང་སར་མཐོངམ་ཨིནམ་པས། དེ་ཡང་ བཀྲིས་གཡང་རྩེའི་མི་ཚུ་གིས་ སྒོ་ནོར་ལེགས་ཤོམ་སྦེ་ གསོ་སྐྱོང་འཐབ་དོ་ཡོད་པའི་ རྟགས་མཚན་ཨིནམ་མ་ཚད་ སྒོ་ནོར་གྱི་ཐོན་སྐྱེད་ཡར་དྲག་སོང་ཡོད་པའི་ རྟགས་མཚན་ཅིག་ཡང་ …

Leave a Reply

Your email address will not be published. Required fields are marked *