འཆར་གཞི་༡༢ པའི་ནང་ སྤ་རོ་རྒྱལ་སྤྱི་གནམ་ཐང་གི་ མཐུན་རྐྱེན་རྒྱ་སྐྱེད་འབད་ནིའི་འཆར་གཞི།

༉ རྒྱལ་ཁབ་ནང་ འདས་པའི་ལོ་༥ འི་ནང་འཁོད་ལུ་ གནམ་གྲུ་འཕུར་འགྲུལ་འབད་ནིའི་གྱངས་ཁ་དེ་ ལོག་ལྟབ་ཀྱིས་ ཡར་སེང་སོང་ཡོདཔ་ཨིན་པས།
མཁའ་འགྲུལ་སྐྱེལ་འདྲེན་ལས་ཁུངས་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༣ ལུ་ འགྲུལ་པ་༡༩༠,༤༧༡ ལས་ སྤྱི་ལོ་༢༠༡༨ ལུ་ འགྲུལ་པ་༣༩༧,༥༩༩ གུ་ ཡར་སེང་སོང་མི་ལུ་ལྟཝ་ད་ འགྲུལ་པ་བརྒྱ་ཆ་༡༠༨.༧ དེ་ཅིག་ ཡར་སེང་སོང་ནུག་ཟེར་ཨིནམ་ད་ དེ་བཟུམ་སྦེ་ གནམ་གྲུའི་ འཕུར་འགྲུལ་གྱངས་ཁ་ཡང་ སྤྱི་ལོ་༢༠༡༣ ལུ་༢༥༠༠ འབད་མི་དེ་ སྤྱི་ལོ་༢༠༡༨ ལུ་༦,༧༦༡ གུ་ ཡར་སེང་སོང་ཡོདཔ་ལས་ བརྒྱ་ཆ་༡༦༩.༧༩ ཡར་སེང་སོང་ནུག་ཟེར་ཨིན་པས།
འཕྲལ་ཁམས་ཅིག་ཁར་ ཐིམ་ཕུག་ལུ་ འགོ་འདྲེན་འཐབ་མི་ རྒྱལ་ཡོངས་ལྟ་བཤལ་གྲོས་འཛོམས་ནང་ གནམ་གྲུ་ཐང་གི་ འཛིན་སྐྱོང་པ་ ཟླ་བ་སྒྲོལམ་གིས་ སླབ་མིའི་ནང་ གནམ་གྲུ་ཐང་ནང་ན་འཛུལ་མི་དང་ ཕྱི་ཁར་འཐོན་མི་འགྲུལ་པ་ཚུ་ལུ་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལས་ ནང་སྐྱོད་འབྲི་ཤོག་བཀང་མ་དགོཔ་སྦེ་ བཟོ་ཡོདཔ་མ་ཚད་ འཆར་གཞི་༡༢ པའི་ནང་ མཐུན་རྐྱེན་ཐེབས་ལེ་ཤ་ཅིག་ར་ གཞི་བཙུགས་འབད་ནིའི་ འཆར་གཞི་ཡོད་ཟེར་ ཨིན་པས།
དེ་ཚུའི་གྲས་ལས་ གཅིག་ གླ་འཁོར་གྱི་འཁོར་ལམ་ བཟོ་ཡོད་མི་དེ་ སྤྱི་ལོ་༢༠༡༨ ཟླ་༡༠ པའི་ནང་ ལག་ལེན་འཐབ་ནི་ འགོ་བཙུགས་ཡོད་མི་དེ་ཨིན་ཟེར་ མོ་གིས་བཤད་ཅི།
ཟླ་བ་སྒྲོལམ་གིས་ སླབ་མིའི་ནང་ གླ་འཁོར་ལམ་ལུ་བརྟེན་ ད་རེས་ནངས་པར་ ཧེ་མ་དང་ཕྱདཔ་ད་ འཕུར་འགྲུལ་མངམ་འབད་ཚུགས་ནི་ཨིནམ་ད་ ད་ཚུན་ ཉིན་བསྟར་བཞིན་དུ་ མཐོ་ཤོས་གནམ་གྲུ་༢༤ དེ་ཅིག་ འཕུར་འགྲུལ་འབདཝ་ཨིན་རུང་ ད་ལས་ཕར་ ཉིནམ་རེ་ནང་ གནམ་གྲུ་༥༠ དེ་ཅིག་ འཕུར་འགྲུལ་འབད་ཚུགས་པའི་ ལྕོགས་གྲུབ་ཡོད་ཟེར་ཨིན་པས།
ཟླ་བ་སྒྲོལ་མ་གིས་ སླབ་མིའི་ནང་ ལས་ཁུངས་ཀྱིས་ སྐྱོད་ཐམ་འབྲེལ་སྟེགས་དང་ སིམ་ཀཌི་བཙོང་སའི་འབྲེལ་སྟེགས་གུ་ རང་ལུགས་ཀྱི་བཟོ་བཀོད་དང་ལྡནམ་སྦེ་ བཟོ་ནིའི་ལཱ་ཚུ་འབད་བའི་བསྒང་ཡོདཔ་མ་ཚད་ ལས་ཁུངས་ཀྱིས་ ཟུར་ལམ་དང་ འཐོན་འཛུལ་སྒྲིང་ཁྱིམ་གྱི་ཕྱི་ཁར་ བསྒུག་སྡོད་སའི་ས་ཁོངས་ བཟོ་བའི་བསྒང་ཡོད་པའི་ཁར་ མཛེས་ཆ་དང་ལྡནམ་བཟོ་ནིའི་དོན་ལུ་ གནམ་གྲུ་ཐང་གི་མཐའ་འཁོར་ལུ་ འཕྲལ་འཕྲལ་ར་ སྐྱེ་ཤིང་འཛུགས་སྐྱོང་འབད་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
ནང་འཁོད་ཀྱི་ བཟོ་བཀོད་ཀྱི་དོན་ལུ་ ལས་ཁུངས་ཀྱིས་ ཝཱསི་བུ་ཊཱན་དང་གཅིག་ཁར་ འབྲེལ་བ་འཐབ་སྟེ་ རང་ལུགས་ཀྱི་བཟོ་བཀོད་དང་ལྡནམ་སྦེ་ བཟོ་ནི་ཨིནམ་ལས་ ཕྱི་མི་ཚུ་གིས་ གནམ་ཐང་ནང་ལྷོདཔ་ཅིག་ སྒྱུ་རྩལ་དང་ ཚོན་རིས་ དེ་ལས་ ལྡེབས་རིས་ཀྱི་ཐོག་ལས་ འབྲུག་རྒྱལ་ཁབ་ཀྱི་སྐོར་ལས་ གཞི་རྟེན་བརྡ་དོན་ཚུ་ འཐོབ་ཚུགས་ཟེར་ ཟླ་བ་སྒྲོལ་མ་གིས་ བཤད་ཅི།
དེ་མ་ཚད་ འཐོན་འཛུལ་ས་ཁོངས་ནང་ བརྡ་འཕྲིན་ཚུ་ རྒྱལ་སྤྱིའི་གནས་ཚད་དང་ལྡནམ་ གཞི་བཙུགས་འབད་ནི་ཨིན་པས།
དེ་བཟུམ་སྦེ་ ལས་ཁུངས་ཀྱིས་ རྒྱལ་ཁབ་ནང་ རྒྱལ་སྤྱི་གནམ་ཐང་༢ པ་ གཞི་བཙུགས་འབད་ནིའི་ འོས་འབབ་བརྟག་ཞིབ་ཚུ་ཡང་ འབད་བའི་བསྒང་ཡོདཔ་ཨིན་པས།
འབྲུག་གིས་ བང་ལ་དེཤ་དང་ རྒྱ་གར་ མཱལ་དིབསི་ མི་ཡན་མར་ ནེ་པཱལ་ སིངྒ་པུར་ དེ་ལས་ ཐའི་ལེནཌི་རྒྱལ་ཁབ་ཚུ་དང་གཅིག་ཁར་ མཁའ་འགྲུལ་ཞབས་ཏོག་ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོདཔ་ད་ ད་ལྟོ་ འབྲུག་མཁའ་འགྲུལ་གྱིས་ ཐའི་ལེནཌི་དང་ སིངྒ་པུར་ བང་ལ་དེཤ་ ནེ་པཱལ་ དེ་ལས་ རྒྱ་གར་གྱི་ ས་ཁོངས་༡༠ ནང་ འཕུར་འགྲུལ་འབད་དོ་ཡོདཔ་ད་ བྷུ་ཊཱན་ཨེ་ཡར་ལ་ཡནསི་གིས་ ཐའི་ལེནཌི་དང་ ནེ་པཱལ་ དེ་ལས་ རྒྱ་གར་གྱི་ས་ཁོངས་༤ ནང་ འཕུར་འགྲུལ་འབདཝ་ཨིན་པས།
ན་ཧིང་ སྤྱི་ཟླ་༡༡ པའི་ནང་ འབྲུག་གིས་ ཡུ་ཨེ་ཨི་དང་གཅིག་ཁར་ མཁའ་འགྲུལ་ཞབས་ཏོག་ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོད་རུང་ ད་ལྟོ་ མཁའ་འགྲུལ་གྱིས་ མཱལ་དིབསི་དང་ མི་ཡན་མར་ དེ་ལས་ ཡུ་ཨེ་ཨི་ཚུ་ནང་ འཕུར་འགྲུལ་མི་འབད་དོ་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

About admin

Check Also

རྒྱལ་ཡོངས་ལས་མིའི་ ཉིན་བསྟར་གླ་ཆ་ ཡར་སེང་འབད་ནིའི་ ལཱ་འབད་དོ་ཡོདཔ།

༉ གཞུང་གིས་ རྒྱལ་ཡོངས་ལས་མིའི་ ཉིན་བསྟར་གླ་ཆ་ ཡར་སེང་འབད་ནིའི་དོན་ལུ་ ལཱ་འབད་བའི་བསྒང་ཡོདཔ་ཨིན་པས། རྒྱལ་ཡོངས་ལས་མིའི་ ཉིན་བསྟར་གླ་ཆ་ ཡར་སེང་འབད་ནི་དེ་ གཞུང་གི་ཉིན་གྲངས་༡༢༠ གི་ ཁས་བླངས་གསལ་བསྒྲགས་ཚུ་གི་གྲས་ལས་༡ ཨིན་པས། སྤྱི་ཟླ་༥ པའི་ཚེས་༢༤ …

Leave a Reply

Your email address will not be published. Required fields are marked *