འཆར་གཞི་༡༢ པའི་ནང་ ཟད་འགྲོ་བརྒྱ་ཆ་༨༠ ནང་འཁོད་འོང་འབབ་ལས་གཏང་ནི།

༉ འཆར་གཞི་༡༢ པའི་ནང་ ཁྲལ་དང་ནང་འཁོད་འོང་འབབ་ཀྱི་ ཆ་ཚད་དེ་ བརྒྱ་ཆ་༡༢ ལུ་ བཞག་ནི་གི་ དམིགས་གཏད་ཡོདཔ་ད་ འཆར་ལོ་མཇུག་བསྡུཝ་ད་ ཟད་འགྲོ་ཡོངས་བསྡོམས་ལས་ བརྒྱ་ཆ་༨༠ དེ་ཅིག་ ནང་འཁོད་འོང་འབབ་ལས་ གཏང་ཚུགསཔ་བཟོ་ནིའི་ དམིགས་གཏད་ཡོདཔ་ཨིན་པས།
དེ་མ་ཚད་ གློག་མེ་མེན་པའི་ བུ་ལོན་དེ་ཡང་ བརྒྱ་ཆ་༣༥ ནང་འཁོད་འོང་འབབ་ལས་ འགབ་ཚུགསཔ་འབད་ནིའི་ འཆར་གཞི་ཡོདཔ་ཨིན་པས།
དེ་ཡང་ ཁ་ཙ་ མཉམ་འབྲེལ་ཞལ་འཛོམས་ཐེངས་༡༤ པའི་ ཉིན་མཇུག་ནང་ དངུལ་རྩིས་དྲུང་ཆེན་ ཉིམ་རྡོ་རྗེ་གིས་ སྤྱི་ལོ་༡༩༩༨ ལུ་ ཆུ་ཁ་གློག་མེ་ལས་འགུལ་ ལག་ལེན་འཐབ་ནི་ འགོ་བཙུགས་པའི་སྐབས་ དཔལ་འབྱོར་བརྒྱ་ཆ་༢༨.༧ ཡར་འཕར་སོང་ཡོདཔ་མ་ཚད་ སྤྱི་ལོ་༢༠༠༧ ལུ་ དར་ལ་གློག་མེ་ལག་ལེན་འགོ་བཙུགསཔ་ད་ བརྒྱ་ཆ༡༧.༩ གིས་ ཡར་སེང་སོང་ཡོད་རུང་ དེ་མིན་པའི་ ལོ་གཞན་ཚུ་ནང་ཡང་ རྒྱ་ཁྱབ་དཔལ་འབྱོར་དེ་ བརྒྱ་ཆ་ཉུང་སུ་ཅིག་ལས་བརྒལ་ ཡར་སེང་མ་འགྱོ་བའི་ཟེར་ སྙན་ཞུ་ཕུལ་ཡི།
འབྲུག་གི་དཔལ་འབྱོར་དེ་ རྒྱ་གར་གྱི་ དཔལ་འབྱོར་དང་འབྲེལ་བ་སྦོམ་ཡོདཔ་ལས་ རྒྱལ་ཁབ་དེ་གི་ དཔལ་འབྱོར་གནས་སྟངས་དང་ གཅིག་མཚུངས་སྦེ་ གནས་དོ་ཡོདཔ་ད་ རྒྱལ་ཁབ་ཀྱི་ རྩིས་ཆད་དེ་ ནང་འཁོད་འོང་འབབ་ཀྱི་ བརྒྱ་ཆ་༢༥ ལུ་གནས་ཏེ་ཡོདཔ་ཨིན་པས།
ལོ་ལྔའི་འཆར་གཞི་༡༡ པའི་ནང་ ནང་འཁོད་འོང་འབབ་ཀྱིས་ ཕྱིར་ཚོང་བརྒྱ་ཆ་༢༥ འགབ་ཡོདཔ་ད་ ནང་འདྲེན་ བརྒྱ་ཆ་༤༦ དེ་ཅིག་ འབད་ཡོདཔ་བཞིན་དུ་ རྩིས་ཆད་དེ་ ནང་འཁོད་འོང་འབབ་ཀྱི་ བརྒྱ་ཆ་༢༡ ལུ་གནས་ནུག།
སྤྱི་ལོ་༢༠༡༨ ལུ་ རྒྱལ་སྤྱི་གསོག་འཇོག་ནང་ ཡུ་ཨེསི་ཌོ་ལར་ཐེར་འབུམ་༡.༡༡ ལུ་ གནས་ཡོདཔ་བཞིན་དུ་ འཆར་གཞི་༡༢ པའི་ནང་ དཔལ་འབྱོར་ཡར་སེང་ སྤྱིར་སྙོམས་ལུ་བརྒྱ་ཆ་༦ གུ་སེང་ནིའི་ དམིགས་གཏད་འབད་ཡོདཔ་ད་ འཆར་ལོ་དེ་ནང་ ཡུན་བརྟན་གྱི་ འཆར་དངུལ་གནས་སྟངས་བཞག་ཐབས་ལུ་ རྩིས་ལོའི་རྩིས་ཆད་དེ་ ནང་འཁོད་འོང་འབབ་ལས་ བརྒྱ་ཆ་༣ འོག་རྒྱུ་སྦེ་ བཞག་ནི་ཨིན་པས།
བུ་ལོན་གྱི་ ཚོད་རྩིས་བཏོན་མི་དང་འཁྲིལཝ་ད་ འཆར་གཞི་༡༢ པའི་ནང་ ནང་འཁོད་འོང་འབབ་དང་འབྲེལ་བའི་ བུ་ལོན་དེ་ མར་འབབ་འགྱོ་ནི་བཟུམ་ཡོད་མི་དེ་ཡང་ ཕྱིའི་བུ་ལོན་བརྒྱ་ཆ་༩༩ ལས་ བརྒྱ་ཆ་༧༦ དང་ གློག་མེ་དང་འབྲེལ་བའི་ བུ་ལོན་བརྒྱ་ཆ་༧༣ ལས་བརྒྱ་ཆ་༦༠ མི་མང་བུ་ལོན་དེ་ བརྒྱ་ཆ་༢༥ ལས་༡༦ ལུ་ མར་འབབ་འགྱོ་ནིའི་ ཚོད་རྩིས་ཡོདཔ་ཨིན་པས།
འཆར་ལོ་དེ་ནང་ གོང་འཕེལ་དང་འབྲེལ་བའི་ ཟད་འགྲོ་ལྷན་ཐབས་དོན་ལུ་ བརྟན་རྩའི་མ་དངུལ་ཚུ་གི་ཐོག་ལས་ ཟད་འགྲོ་གཏང་ནི་ཨིནམ་ད་ དཔལ་འབྱོར་གྱི་ འོང་འབབ་གཙོ་བོ་ར་ གློག་མེ་ལུ་བརྟེན་འབད་ནི་དེ་གིས་ རྒྱལ་ཁབ་ཀྱི་ རྒྱ་ཁྱབ་དཔལ་འབྱོར་དོན་ལུ་ གདོང་ལེན་ཡང་ ལེ་ཤ་ཡོདཔ་ཨིན་པས།
དངུལ་རྩིས་དྲུང་ཆེན་གྱིས་ མི་མང་རྩིས་ཆད་འཕྲོ་མཐུད་ཐོན་མི་དང་ མི་མང་བུ་ལོན་རྒྱ་ཆེ་དྲགས་སྦེ་ཡོད་མིའི་ནང་ གདོང་ལེན་ཚུ་ཡོད་ཟེར་ བཤད་པའི་ཁར་ གདོང་ལེན་དེ་ཚུ་ བསལ་ཐབས་ལུ་ བཙོང་ཁྲལ་བཀལ་ནི་དང་ མ་དངུལ་དང་འབྲེལ་བའི་ གོང་འཕེལ་གཏང་ཐབས་ལུ་ ཐབས་བྱུས་ཚུ་ བཏོན་དགོཔ་འདུག་ཟེར་ཨིན་པས།
རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ སྤྱི་འཛིན་འོགམ་ དབྱངས་ཅན་མཚོ་རྒྱལ་གྱིས་ ད་རེས་ནངས་པའི་ ན་གཞོན་ཚུ་གིས་ ཉེན་ཁ་འབག་སྟེ་ སྐྱིན་འགྲུལ་ལེན་ཐོག་ལས་ ཚོང་ལཱ་འགོ་བཙུགས་ནི་ལུ་ གྲ་སྒྲིག་མིན་འདུག་ཟེར་ བཤད་པའི་ཁར་ ཚོང་ལཱ་དང་འབྲེལ་བའི་ ཞལ་འཛོམས་དང་ སྦྱོང་བརྡར་ཚུ་ འགོ་འདྲེན་འཐབ་པའི་སྐབས་ལུ་ འཕྲལ་འཕྲལ་སྦྱོང་བརྡར་བྱིན་མི་དེ་ འབྲུག་པའི་གནས་སྟངས་ཧ་མ་གོ་མི་ཚུ་གིས་ བྱིན་ས་ཡང་ མཐོང་གསལ་བྱུང་ཡི་ཟེར་ བཤད་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

རང་བྱུང་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་སྡེ་ཚན་ཅིག་གིས་ གསོལ་ཁ་གཏང་ནི་དང་ ཆོས་ཆས་ལག་ལེན་འཐབ་ཐངས་ཚུ་ ལྷབ་སྦྱང་འབད་དོ་ཡོདཔ།

༉ བཀྲིས་སྒང་ རང་བྱུང་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་སྡེ་ཚན་ཅིག་གིས་ སློབ་གྲྭའི་ཆོས་ཚན་རྐྱངམ་གཅིག་གིས་མ་ཚད་པར་ ཆོས་ཕྱོགས་ཀྱི་ལས་རིམ་ནང་ བཅའ་མར་གཏོགས་ཏེ་ གསོལ་ཁ་གཏང་ནི་དང་ ཆོས་ཆས་ལག་ལེན་འཐབ་ཐངས་ཚུ་ཡང་ ལྷབ་སྦྱང་འབད་དོ་ཡོདཔ་ཨིན་པས། དེ་ཡང་ སློབ་ཕྲུག་སྡེ་ཚན་ཅིག་གིས་ དྲོ་པ་ཨ་རྟག་ར་ ཆུ་ཚོད་༥ ལས་ …

Leave a Reply

Your email address will not be published. Required fields are marked *