འཆར་གཞི་༡༡ པའི་དོན་ལུ་ རྒྱ་གཞུང་ལས་ དངུལ་ཀྲམ་ཐེར་འབུམ་༤༤ ཐོབ་ཡོདཔ།

སྤྱི་ཟླ་༨ པའི་ཚེས་༩ ལུ་ བློན་ཆེན་བགྲེསཔ་ དྲགོས་ཚེ་རིང་སྟོབས་རྒྱས་ཀྱིས་ བརྡ་བརྒྱུདཔ་ཚུ་ལུ་ བཤད་མིའི་ནང་ འཆར་གཞི་༡༡ པའི་དོན་ལུ་ རྒྱ་གར་གཞུང་གིས་ དངུལ་ཀྲམ་ཐེར་འབུམ་༤༥ གྲོགས་རམ་བྱིན་ནིའི་ ཁས་ལེན་འབད་མི་ལས་ དངུལ་ཀྲམ་ཐེར་འབུམ་༤༤ ཐོབ་ཅི་ཟེར་ཨིན་པས།

ལྷག་ལུས་དངུལ་ཀྲམ་ཐེར་འབུམ་༡ པོ་དེ་ འཕྲལ་མགྱོགས་ར་ འཛིན་གྲོལ་འབད་འོང་ཟེར་ དྲགོས་ཚེ་རིང་སྟོབས་རྒྱས་ཀྱིས་ བཤད་ཡོདཔ་ད་ རྒྱ་གར་གཞུང་གིས་ ལོ་ལྔའི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༤༥ གྲོགས་རམ་བྱིན་ནི་གི་ ཁས་བླངས་འབད་མི་དེ་ འབྲུག་གི་འཆར་གཞི་༡༡ པའི་ འཆར་དངུལ་ཡོངས་བསྡོམས་ དངུལ་ཀྲམ་ཐེར་འབུམ་༢༡༣ བཞག་མི་ལས་ བརྒྱ་ཆ་༢༡ དེ་ཅིག་ཨིན་པས།

མ་དངུལ་ཚུ་ དུས་ཚོད་ཁར་ ཐོབ་ཚུགས་མི་ལུ་བརྟེན་ འཆར་གཞི་༡༡ པ་དེ་ མཐར་འཁྱོལ་ཅན་ཅིག་སྦེ་ མཇུག་བསྡུ་ཡི་ཟེར་ བློན་ཆེན་བགྲེསཔ་གིས་ བཤད་ཅི།

དངུལ་རྩིས་བློན་པོ་བགྲེསཔ་ རྣམ་རྒྱལ་རྡོ་རྗེ་གིས་ དཔལ་འབྱོར་ལྷན་ཐབས་འཆར་གཞིའི་ མ་དངུལ་དེ་ཡང་ ཚངམ་སྦེ་ར་ ཐོབ་ཅི་ཟེར་ བཤད་པའི་ཁར་ རྒྱ་གར་གཞུང་གིས་ འཆར་གཞི་༡༡ པའི་ནང་ དཔལ་འབྱོར་ལྷན་ཐབས་འཆར་གཞིའི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༥ ལོགས་སུ་སྦེ་ ཁས་ལེན་འབད་ཡི་ཟེར་ བཤད་ཅི།

དེ་མ་ཚད་ གཞུང་གིས་ ལྷག་ལུས་ལས་འགུལ་ ལེ་ཤ་ཅིག་ ལག་ལེན་འཐབ་ཡོདཔ་བཞིན་དུ་ འཆར་གཞི་༡༠ པའི་དོན་ལུ་ རྒྱ་གཞུང་གི་ཧོངས་ལས་ ཁས་ལེན་འབད་མི་ དངུལ་ཀྲམ་ཐེར་འབུམ་༣ ཐོབ་ཅི་ཟེར་ བློན་པོ་བགྲེསཔ་ རྣམ་རྒྱལ་རྡོ་རྗེ་གིས་ བཤད་ཅི།

ཨིན་རུང་ རྒྱ་གར་གཞུང་ལས་ འཆར་གཞི་༡༠ པའི་ནང་ ཁས་ལེན་འབད་མི་ དངུལ་ཀྲམ་ས་ཡ་༦༦༨ དེ་ ད་ལྟོ་ཡང་ མ་ཐོབ་པར་ཡོད་པའི་ཁར་ ལས་འགུལ་ཡང་ ལེ་ཤ་ཅིག་ར་ ལག་ལེན་འཐབ་མ་ཚུགས་པར་ ལུས་ནུག་ཟེར་ དངུལ་རྩིས་བློན་པོ་བགྲེསཔ་གིས་ བཤད་པའི་ཁར་ འདས་པའི་གཞུང་ལས་ ཁས་ལེན་མ་དངུལ་ག་ར་ ཐོབ་མ་ཚུགས་མི་དེ་ཡང་ གོང་འཕེལ་ལས་འགུལ་ཆུང་བ་ཚུ་གི་ མ་དངུལ་འཛིན་གྲོལ་འབད་ནིའི་དོན་ལུ་ བྱ་བའི་གནད་སྤྱོད་གྲུབ་མ་ཚུགས་པས་ཟེར་ བཤད་ཅི།

ཁོ་གིས་འབད་བ་ཅིན་ མ་དངུལ་དེ་ འཆར་གཞི་༡༡ པ་དང་༡༢ པའི་ ཟམ་བཟུམ་ཅིག་ཨིནམ་མ་ཚད་ ད་རེས་ དེ་བཟུམ་མའི་ མ་དངུལ་གྲ་སྒྲིག་འབད་མི་དེ་ཡང་ འགོ་དང་པ་ཨིན་ཟེར་ཨིན་པས།

ད་ལྟོ་ རྐྱབ་པའི་བསྒང་ཡོད་མི་ ལས་འགུལ་ཚུ་ཡང་ དབང་འདུས་ཕོ་བྲང་རྫོང་དང་ གསར་སྤང་རྫོང་ པདྨ་དགའ་ཚལ་ བདེན་ཆི་རྫོང་ དེ་ལས་ ཨམ་སྲུ་དང་ ཨ་ལོའི་སྨན་ཁང་དང་ འཇིགས་མེད་སེངྒེ་དབང་ཕྱུག་ཁྲིམས་ཀྱི་སློབ་སྡེ་ཚུ་ཡང་ མ་དངུལ་ཀྱི་ དཀའ་ངལ་ག་ནི་ཡང་མེད་པར་ འཕྲོ་མཐུད་དེ་ར་ འབད་འོང་ཟེར་ དྲགོས་ཚེ་རིང་སྟོབས་རྒྱས་ཀྱིས་ བཤད་ཅི།

འདས་པའི་གཞུང་གིས་ འཆར་དངུལ་ཚུ་ དུས་ཚོད་ཁར་ ཐོབ་མ་ཚུགས་མི་ལུ་བརྟེན་ སྤྱི་ལོ་༢༠༡༣ ལུ་ མི་སེར་དམངས་གཙོ་ཚོགས་པའི་ གཞུང་གིས་ ལས་འགུལ་ཚུ་ ལག་ལེན་འཐབ་ནི་ལུ་ ཡུན་འགྱངས་ལུས་སོ་ཡི་ཟེར་ བཤད་ཅི།

ལྡོག་ཕྱོགས་འགོ་ཁྲིདཔ་བགྲེསཔ་ ཌོག་ཊར་པདྨ་རྒྱ་མཚོ་གིས་ སླབ་མིའི་ནང་ ཁོང་ར་ གཞུང་སྐྱོང་སྦེ་ སྡོད་པའི་སྐབས་ ལས་འགུལ་མང་ཤོས་ཅིག་གིས་ མ་དངུལ་ཚུ་ གྲ་སྒྲིག་འབད་བཞག་ཡོདཔ་བཞིན་དུ་ ལས་འགུལ་ཚུ་ཡང་ མང་ཤོས་ར་ འདས་པའི་གཞུང་གིས་ འགོ་བཙུགས་བཞག་ཅི་ཟེར་ཨིན་པས།

ཁོང་གི་སྐབས་ ཁོང་རའི་ འཆར་གཞི་ནང་རྐྱངམ་གཅིག་ འབད་ཡོདཔ་ལས་ འཆར་གཞི་ཚུ་ནང་ཚུད་མི་ ལས་འགུལ་ཚུ་གི་དོན་ལུ་ མ་དངུལ་ཁ་སྐོང་ཚུ་ གཞུང་གིས་ འཚོལ་ཞིབ་འབད་དགོ་འོང་ཟེར་ ལྡོག་ཕྱོགས་འགོ་ཁྲིདཔ་བགྲེསཔ་གིས་ བཤད་ཅི། 

བློན་ཆེན་བགྲེསཔ་གིས་འབད་བ་ཅིན་ འཆར་གཞི་༡༢ པའི་ནང་ མ་འོངས་གཞུང་གིས་ སེམས་དྲན་བཏོན་དགོཔ་ཡོད་མི་དེ་ཡང་ ལོ་དེ་ཚུ་ནང་ གོང་འཕེལ་མ་འགྱོ་བའི་ རྒྱལ་ཁབ་ལས་ འོང་འབབ་འབྲིང་མའི་ སྡེ་ཚན་ནང་ འཛུལ་ནི་གི་ འོས་འབབ་ཡོད་ཟེར་ཨིནམ་ད་ འཆར་གཞི་༡༢ པའི་ནང་ འཆར་དངུལ་ཐེར་འབུམ་༣༣༦ དེ་ཅིག་གི་ ཚོད་རྩིས་བཏོན་ཏེ་ཡོད་ཟེར་ བཤད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

འཛམ་གླིང་བཟའ་སྤྱོད་ལས་རིམ་གྱི་ མཐུན་རྐྱེན་བཏོག་མི་གིས་ གདོང་ལེན་འབྱུང་ནི།

༉ སྤྱི་ལོ་༢༠༠༨ ལས་འགོ་བཙུགས་ ད་ཚུན་ ཡ་རག་ལ་མི་སྡེ་སློབ་གྲའི་ སློབ་ཕྲུག་ཚུ་ལུ་ འཛམ་གླིང་བཟའ་སྤྱོད་ལས་རིམ་གྱིས་ དྲོ་པ་དང་ ཉིན་མའི་ལྟོ་དང་ འབྲུག་གཞུང་གིས་ ཚོད་བསྲེ་གི་ འཐུས་བྱིན་ཏེ་ཡོད་མི་དེ་ སང་ཕོད་ལས་ མི་བྱིན་ནི་སྦེ་ ཐག་བཅད་མི་ལུ་བརྟེན་ …

Leave a Reply

Your email address will not be published. Required fields are marked *