འགྲོ་འགྲུལ་བཀག་དམ་སྐབས་ རང་དང་གཞན་གྱི་ཉེན་སྲུང་དོན་ལུ་ རང་སོའི་ཁྱིམ་ནང་སྡོད་དགོཔ།

༉ ད་རེས་ཁམས་ ཟུར་བཞག་ས་ཁོངས་ནང་ ལོག་ཅི་ར་ བརྟག་དཔྱད་འབད་དེ་ ལོག་བཏང་མི་ཨམ་སྲུ་ཅིག་ ཀོ་རོ་ན་བའེ་རཱསི་ནད་འབུབ་ཡོད་པའི་ ནད་བརྟག་གྲུབ་འབྲས་ཐོན་མི་དང་འཁྲིལ་ ཁ་ཙ་ལས་འགོ་བཙུགས་ རྒྱལ་ཁབ་མཐའ་དབུས་མེད་པར་ འགྲོ་འགྲུལ་བཀག་དམ་ཡོདཔ་བཞིན་དུ་ ཨམ་སྲུ་དེ་དང་གཅིག་ཁར་ འབྲེལ་བ་འཐབ་མི་ཚུ་ འཚོལ་ཞིབ་ཐོག་ལས་ བརྟག་དཔྱད་འབད་བའི་བསྒང་ཡོདཔ་ཨིན་པས།

ང་བཅས་ཀྱི་འགན་ཁུར་ཟེར་མི་ ལས་རིམ་འོག་ལུ་ སྒོ་སྡམ་ལམ་སྟོན་ཅིག་ བཟོ་སྟེ་ཡོདཔ་བཞིན་དུ་ ལམ་སྟོན་དེ་དང་འཁྲིལཝ་ད་ འགྲོ་འགྲུལ་བཀག་དམ་གྱི་ དུས་ཡུན་དེ་ཡང་ གནས་སྟངས་ཀྱི་ ཚབས་ཆེན་གནས་ཚད་དང་འཁྲིལ་ བརྡ་བརྒྱུད་གཙོ་ཅན་དང་ མི་སྡེའི་བརྡ་བརྒྱུད་ཚུ་བརྒྱུད་དེ་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ གསལ་བསྒྲགས་འབད་ཡི།

ལམ་སྟོན་དང་འཁྲིལ་ སློབ་གྲྭ་དང་ གཙུག་སྡེ་ གཞུང་གི་ཡིག་ཚང་ ལས་འཛིན་ སྒེར་གྱི་ཡིག་ཚང་ དེ་ལས་ ཚོང་འབྲེལ་ལས་སྡེ་ཚུ་ག་ར་ སྒོ་བསྡམས་ཡོདཔ་ཨིན།

ལམ་སྟོན་དང་འཁྲིལཝ་ད་ འགྲོ་འགྲུལ་བཀག་དམ་སྐབས་ དགོས་མཁོ་ཆེ་བའི་ཅ་ཆས་ དཔྱེ་འབད་བ་ཅིན་ བཟའ་འཐུང་དང་ གསང་སྤྱོད་ནང་དགོ་པའི་ཅ་ཆས་ ཨ་ལོའི་ཆུ་བཏེགས་ཚུ་ ཉིན་གྲངས་༡༤ དེ་ཅིག་གི་རིང་ལངམ་སྦེ་ བཞག་དགོ་ནི་དང་ ཨ་རྟག་ར་ སྨན་བཟའ་དགོ་པའི་ ནདཔ་ཚུ་འབད་བ་ཅིན་ ཟླཝ་༡ དེ་ཅིག་ལང་པའི་སྨན་ཚུ་ ཧེ་མ་ལས་ལེན་ཏེ་ བཞག་དགོཔ་བཞིན་དུ་ གསོ་བའི་བློན་པོ་གིས་ འདས་པའི་དྲི་བ་དྲིས་ལན་སྐབས་ སྨན་ཡུན་རིང་བཟའ་དགོ་མི་ ནདཔ་ཚུ་ལུ་ ཟླཝ་༡ ལང་པའི་སྨན་ཚུ་ མདང་ཞག་ལས་ར་ བྱིན་ནི་འགོ་བཙུགས་ཡི་ཟེ་བཤད་ཅི།

གཞན་ཡང་ གློ་བུར་གྱི་མཁོ་ཆས་ འཕྲུལ་མེ་དང་ སྤྱ་རྩི་པེམ་འབར་ ལྷོ་མཚམས་ས་གནས་ཚུ་ནང་འབད་བ་ཅིན་ བསིལ་རས་ དེ་ལས་ ཁ་རས་ཚུ་ བཞག་དགོཔ་ཁག་ཆེཝ་སྦེ་ ལམ་སྟོན་ནང་ བཀོད་དེ་འདུག།

འགྲོ་འགྲུལ་བཀག་དམ་སྐབས་ རང་གི་ཁྱིམ་དང་ རང་གི་དབང་ཆ་ལུ་ཡོད་པའི་ མཐའ་འཁོར་གྱི་ ས་ཁོངས་ཚུ་ནང་རྐྱངམ་གཅིག་ འགྱོ་ཆོག་ནི་དང་ གཡུས་ཚན་ཚུ་ནང་འབད་ཅིན་ ནོར་འཚོ་ནི་དང་ ལོ་ཐོ་སྲུང་ནི་ཚུ་ འབད་ཆོགཔ་ཨིན་རུང་ ཁྱིམ་གཞན་ནང་སྡོད་མི་ཚུ་དང་ འབྲེལ་བ་འཐབ་མ་ཆོགཔ་ཨིན་པས།

གཞུང་གིས་ ངོས་འཛིན་འབད་མི་ ནད་ཡམས་སྐབས་ཀྱི་ མཁོ་ཆེ་བའི་ ཞབས་ཏོག་བྱིན་མི་ཚུ་ རྐྱངམ་གཅིག་མ་གཏོགས་ འགྲོ་འགྲུལ་བཀག་དམ་ས་ཁོངས་ལས་ ཕྱི་ཁར་འགྱོ་ནི་དང་ ནང་ན་འཛུལ་ནི་ཚུ་ རྩ་ལས་ར་ མི་ཆོག་ནི་ཨིན་པས།

འགྲོ་འགྲུལ་བཀག་དམ་སྐབས་ འབད་ཆོགཔ་དེ་ རང་གི་ཁྱིམ་ནང་ རང་གི་བཟའ་ཚང་གཅིག་ཁར་ སྡོད་ནི་དང་ རང་གིས་ སེམས་ཁམས་དང་ གཟུགས་ཁམས་བདག་འཛིན་འཐབ་སྟེ་ ཆ་རོགས་དང་ བཟའ་ཚང་ཚུ་དང་གཅིག་ཁར་ མི་སྡེའི་བརྡ་བརྒྱུད་ཚུ་ ལག་ལེན་འཐབ་ཐོག་ལས་ འབྲེལ་བ་འཐབ་སྟེ་ སྡོད་དགོཔ་ཨིན་པས།

ག་དེམ་ཅིག་སྦེ་ གློ་འཁོག་ནི་དང་ དབུགས་གཏོང་ལེན་གྱི་དཀའ་ངལ་འབྱུང་ནི་ དེ་ལས་ གྱང་ཤུགས་རྐྱབ་ནི་དང་ ཀོ་བིཌ་-༡༩ འི་ ནད་རྟགས་གཞན་ཚུ་འབྱུང་པ་ཅིན་ ཐད་ཀར་དུ་ བརྒྱུད་འཕྲིན་ཨང་༢༡༢༡ ནང་ འབྲེལ་བ་འཐབ་དགོཔ་ད་ གཞན་མི་གློ་བུར་སྨན་བཅོས་ཞབས་ཏོག་ཚུ་གི་དོན་ལུ་ ཐད་ཀར་གྱི་བརྒྱུད་འཕྲིན་ཨང་༡༡༢ ནང་ འབྲེལ་བ་འཐབ་དགོཔ་སྦེ་ ལམ་སྟོན་ནང་བཀོན་ནུག།

ཁྱིམ་ནང་སྡོད་པའི་སྐབས་ གཡོག་ལཱ་ཚུ་ བགོ་བཤའ་རྐྱབ་ཐོག་ལས་ འབད་དགོཔ་ད་ འབྲུག་རྒྱང་བསྒྲགས་ཀྱི་ རྒྱང་མཐོང་དང་ རྒྱང་བསྒྲགས་རེ་ཌིའོ་ཐོག་ལས་སླབ་མི་ ཁ་བཀོད་དང་ ལམ་སྟོན་ཚུ་ ལེགས་ཤོམ་སྦེ་ཉན་ཏེ་ ལག་ལེན་འཐབ་དགོཔ་ཨིན་པས།

ལགཔ་ཚུ་ཡང་ གླང་ལེབ་བཏབ་སྟེ་ ཚུལ་བཞིན་དུ་ ཆུ་འཁྱུ་དགོཔ་ད་ རང་གི་ཁྱིམ་ནང་ རྒན་ཤོས་ཚུ་ལུ་ ནད་རྟགས་ཚུ་ ག་ཅི་ར་འཐོན་དོ་ཡོདཔ་ཨིན་ན་ ལེགས་ཤོམ་སྦེ་ བལྟ་དགོཔ་ད་ རང་སོའི་ཁྱིམ་ནང་ ཁྲག་དང་ ལྐོདམ་ནང་གི་དཔེ་ཚད་ དེ་ལས་ གསོ་བའི་བརྟག་དཔྱད་དང་ བརྡ་དོན་བསྡུ་ལེན་འབད་བར་འོང་མི་ འགོ་དཔོན་ཚུ་དང་ མཉམ་འབྲེལ་འབད་དགོཔ་ཨིན་པས།

འགྲོ་འགྲུལ་བཀག་དམ་སྐབས་ གཞུང་གིས་ དོགས་པ་ཅན་ག་ར་ བརྟག་དཔྱད་འབད་ནི་དང་ འབྲེལ་འཐབ་འབད་མི་ཚུ་ ཟུར་བཞག་འབད་ནི་ དེ་ལས་ ནད་འབུབ་ཐོབ་ཡོདཔ་སྦེ་ གཏན་འཁེལ་སོང་མི་ཚུ་ རྐྱང་གནས་ནང་བཞག་ནི་དང་ སྨན་བཅོས་ཚུ་ འཕྲོ་མཐུད་དེ་ འབད་ནི་ཨིན་པས།

དེ་བཟུམ་སྦེ་ དཔྱེ་འབད་བ་ཅིན་ ཨ་ལོ་སྐྱེ་ནི་དང་ གློ་བུར་གྱི་རྐྱེན་ངན་ཚུ་ལུ་ མཁོ་ཆེ་བའི་ སྨན་བཅོས་ཞབས་ཏོག་ཚུ་ འཕྲོ་མཐུད་བྱིན་ནི་དང་ རྫོང་ཁག་༢༠ ག་རའི་ནང་ མཁོ་ཆེ་བའི་ བཟའ་འཐུང་གི་རིགས་ཚུ་ཡང་ བཀྲམ་སྤེལ་འབད་ནི་ཨིན་པས།

བར་ཆད་མེད་པའི་ བརྡ་བརྒྱུད་ཀྱི་ཞབས་ཏོག་དང་ ཡོངས་འབྲེལ་ཐོག་གི་ དངུལ་འབྲེལ་ཞབས་ཏོག་ འཐུང་ཆུ་ གློག་མེ་ ཕྱགས་སྙིགས་བསྡུ་ལེན་གྱི་ཞབས་ཏོག་ཚུ་ འཕྲོ་མཐུད་དེ་ར་བྱིན་ནི་དང་ ཤི་རྐྱེན་གྱི་སྐབས་ལུ་ ཕུངམ་ཚུ་ཡང་ གཞུང་གིས་ མེ་སྦྱང་འབད་ནི་དང་ དེ་བསྒང་ ཚེ་འདས་དེ་གི་ མི་ངོམ་གཙོ་ཅན་ཚུ་རྐྱངམ་གཅིག་གིས་ གྲལ་གཏོགས་འབད་ཆོག་ནི་ཨིན་པས།

འགྲོ་འགྲུལ་བཀག་དམ་གྱི་ ལམ་སྟོན་དང་འཁྲིལ་ ལཱ་འབད་དགོཔ་དེ་ཡང་ ང་བཅས་རའི་འགན་ཁུར་ཨིནམ་ད་ གལ་སྲིད་ ལམ་སྟོན་དེ་ལས་འགལ་བ་ཅིན་ འབྲུག་གི་ཉེ་འགལ་ཁྲིམས་དེབ་བཅའ་ཁྲིམས་༢༠༡༡ ཅན་མའི་ དོན་ཚན་༤༡༠ པ་དང་འཁྲིལ་ ཁྲིམས་དཔྱད་འབད་ནི་ཨིན་པས།

འགྲོ་འགྲུལ་བཀག་དམ་གྱི་ དུས་ཡུན་དེ་ ད་ལྟོ་ གཏན་འཁེལ་སྦེ་ སླབ་མི་ཤེས་ནི་ཨིན་རུང་ གསོ་བའི་ལས་བྱེདཔ་ཚུ་གིས་ ཁ་བཀོད་བྱིན་མི་ཚུ་ ཚུལ་བཞིན་དུ་ ལག་ལེན་འཐབ་སྟེ་ ཉེན་སྲུང་དང་ལྡནམ་སྦེ་ སྡོད་དགོཔ་ཁག་ཆེ་བའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་གོ་སྐབས་ཚུ་ འདྲ་མཉམ་ཐོབ་སྟེ་ཡོདཔ།

༉ འདས་པའི་ལོ་ངོ་༧༥ འི་རིང་ བཟའ་ཚང་ས་ཡ་ལས་བཅད་མི་ཚུ་ དབུལ་ཕོངས་དང་ འཐབ་འཛིང་ དེ་ལས་ དཀའ་ངལ་ཚུ་ནང་ལས་ བཏོན་ཚུགས་ཡོདཔ་མ་ཚད་ ས་གནས་ཀྱི་ཆགས་ཚུལ་དང་ རྒྱལ་ཁབ་ཀྱི་ཆེ་ཆུང་གི་ཁྱད་པར་ ག་དེ་སྦེ་ར་ཡོད་རུང་ འཛམ་གླིང་གི་ འཐུས་མི་ཅིག་ཨིན་མི་དང་འཁྲིལ་ འབྲུག་གིས་ …

Leave a Reply

Your email address will not be published. Required fields are marked *