འགྲོ་བ་མི་ལུ་ བྱམས་བརྩེ་བསྐྱེད་ནིའི་ གོམས་སྦྱང་ཚུད་དགོཔ།

༉ རྒྱལ་ཁབ་ནང་ འཕྲལ་འཕྲལ་སྦེ་ར་ མི་ཚུ་གིས་ ཁ་རྗེ་རྒྱན་ཤོག་གི་ གྲུབ་འབྲས་གསོལ་རས་ འབོར་ཆེ་ཏོག་ཏོ་སྦེ་ ཐོབ་དོ་ཡོད་པའི་ ལོ་རྒྱུས་ཚུ་གོཝ་མ་ཚད་ གསོལ་རས་དེ་ཡང་ ཆ་རོགས་ཚུ་གིས་ ཨུ་ཚུགས་རྐྱབ་སྟེ་ ཉོ་བཅུག་མི་རྒྱན་ཤོག་དེ་གིས་ ཐོབ་དོ་ཡོད་པའི་ མངོན་གསལ་བྱུངམ་ཨིན་མས།
ཨིན་རུང་ གྲུབ་འབྲས་གསོལ་རས་ཐོབ་མི་ཚུ་གིས་ ཁོང་རའི་གསོལ་རས་དེ་ སྤྱིར་བཏང་མི་མང་གི་མཐའ་དོན་ལུ་ བགོ་བཤའ་རྐྱབ་བྱིན་ནིའི་ཐད་ཁར་ དཀོན་སུ་ཅིག་ཨིན་མས།
རྩི་རང་ལུ་འབད་བ་ཅིན་ ཁ་རྗེ་རྒྱན་ཤོག་གི་ གྲུབ་འབྲས་གསོལ་རས་ཐོབ་མི་ དགེ་སློང་ཅིག་གིས་ ཁོང་རའི་ དངུལ་རྐྱང་གི་གསོལ་རས་དེ་ བསམ་བཟང་གི་ཐོག་ལས་ མི་སྡེ་དང་ རྒེད་འོག་ལུ་ བགོ་བཤའ་རྐྱབ་བྱིན་ནི་དེ་གིས་ ད་རེས་ ཕན་བརླབས་སྦོམ་སྦེ་ར་ བྱུང་སྟེ་འདུག།
དེ་ཡང་ དགེ་སློང་ལྷབ་ཚེ་རིང་གིས་ གཡུས་ཚན་ནང་སྡོད་མི་ མི་སེར་ཉམ་ཆུང་ཚུ་ལུ་ རྐྱེན་ཤིའི་དཀའ་སྡུག་བྱུང་པའི་སྐབས་ དུར་ཁྲོད་ཁར་ ཕུངམ་བསྐྱལ་ནིའི་དོན་ལུ་ སྣུམ་འཁོར་འཚོལ་མ་ཐོབ་པའི་ དཀའ་ངལ་སྦོམ་མི་ལུ་བརྟེན་ སྣུམ་འཁོར་བོ་ལི་རོ་ཅིག་ ཉོ་སྒྲུབ་འབད་དེ་ རྒེད་འོག་ལུ་ གྲོགས་རམ་སྦེ་བྱིན་ནུག།
དུས་ཅི་ སྤྱི་ཟླ་དང་པ་ལས་ཚུར་ མི་སྡེ་ནང་ རྐྱེན་ཤིའི་མྱ་ངན་ཕོག་མི་ བཟའ་ཚང་༤ ལུ་ ཁོང་རའི་ ནང་མི་ཚེ་འདས་ཚུ་ དུར་ཁྲོད་ཁར་ བསྐྱལ་བྱིན་ནི་དེ་གིས་ དགའ་སྦོམ་སྦེ་ར་བྱུང་ནུག།
དགེ་སློང་ལྷབ་ཚེ་རིང་གིས་ ད་རུང་ དགེ་སློང་དང་ དགེ་ཕྲུག་བསྡོམས་༡༡༥ ལུ་ ཚེ་སྲོག་ཉེན་བཅོལ་གྱི་ ཐོབ་ལམ་ཚུ་ བཟོ་བྱིན་ནི་ལུ་ རྒྱབ་སྐྱོར་འབད་ཡོདཔ་ཨིན་མས།
འདི་བཟུམ་མའི་ བྱམས་བརྩེའི་ཐོག་ལས་ གྲོགས་རམ་དང་ རྒྱབ་སྐྱོར་འབད་མི་དེ་གིས་ ང་བཅས་རའི་ འགྲོ་བ་མིའི་གནས་སྟངས་ནང་ ལྷག་པར་དུ་ བློ་གཏད་ཡིད་ཆེས་བསྐྱེད་ནི་དང་ གཅིག་སྒྲིལ་གནས་ནི་ལུ་ ལྷན་ཐབས་འབད་ཚུགས་ནི་ཨིན་མས།
དེ་མ་ཚད་ དངུལ་རྐྱང་དང་ ལམ་ཡིག་པཱསི་པོཊ་ སྐྱོད་ཐམ་ལ་སོགས་པའི་ ཡིག་ཆ་གལ་ཅན་ཚུ་ བཙུགས་ཡོད་པའི་ དངུལ་ཁུག་དང་ལག་བེག་ བྱང་སྟོར་ཤོར་མི་ཚུ་ཡང་ འབྲུག་མི་ཚུ་གིས་ ལོག་སྤྲོད་པའི་ལོ་རྒྱུས་ལེ་ཤ་ཡོདཔ་ད་ འཕྲལ་ཁམས་ཅིག་ཁར་ བཀྲིས་སྒང་ལུ་ ཨམ་སྲུ་ཅིག་གིས་ དངུལ་ཀྲམ་འབུམ་༢ ལྷགཔ་ཅིག་ ཐོབ་མི་དེ་ཡང་ ལོག་ཇོ་བདག་ངོ་མ་ལུ་ར་ སྤྲོད་ཡོདཔ་ད་ དེ་བཟུམ་སྦེ་ གླ་འཁོར་དེད་གཡོགཔ་ ལེ་ཤ་ཅིག་གིས་ར་ གླ་འཁོར་ནང་ལུས་མི་ དངུལ་ཁུག་དང་ དངུལ་རྐྱང་ཚུ་ ཁྲིམས་སྲུང་འགག་པ་ལུ་ རྩིས་སྤྲོད་མི་ལུ་ལྟཝ་ད་ ང་བཅས་ར་ འབྲུག་མི་ཚུ་ ནང་པའི་ཆོས་འབད་མི་ཅིག་ཨིནམ་ལས་ ལས་རྒྱུ་འབྲས་བརྩི་ཤེས་པའི་ རྟགས་མཚན་བཟང་པོ་སྟོནམ་ཨིན་མས།
ཕྱོགས་གཅིག་ལས་བལྟ་བ་ཅིན་ ཡར་རྒྱས་གོང་འཕེལ་གྱི་འགྱུར་བ་དང་བསྟུན་ འདོད་པ་ཤུགས་ཆེ་བའི་དབང་དུ་ཐལ་ཏེ་ ད་རེས་ནངས་པར་ ཨར་རྐུན་འབད་མི་དང་ མཆོད་རྟེན་གཏོར་བཤིག་གཏང་མི་ དེ་ལས་ རང་སྲོག་བཅད་པའི་གནད་དོན་ཚུ་ ཡར་སེང་འགྱོ་བའི་ མངོན་གསལ་བྱུངམ་ཨིན་མས།
དཔེ་འབད་བ་ཅིན་ ཧེ་མ་ མཐའ་ཟུར་གཡུས་ནང་སྡོད་མི་ཚུ་ ཞིང་ནང་ལཱ་འབད་བར་འགྱོཝ་ད་ ཁྱིམ་ལྡི་མིག་རྐྱབ་སྲོལ་མེདཔ་ཨིན་རུང་ ད་རེས་ནངས་པར་ ཁྱིམ་སྲུངཔ་ཅིག་ ངེས་པར་དུ་ བཞག་དགོ་པའི་ གནས་སྟངས་ལུ་ཐུག་ནུག།
དེ་ཡང་ ག་འཆརཔ་ཟེར་བ་ཅིན་ དཀའཝ་མ་སྤྱད་པར་ མི་ཚེ་དགའ་ཏོག་ཏོ་སྦེ་ སྐྱོང་ནི་དང་ ཡུདཔ་ཐེངས་ཅིག་ནང་ ཕྱུགཔོ་འགྱོ་ནིའི་དོན་ལུ་ ཁྲིམས་འགལ་བྱ་ངན་འབད་ནི་ལུ་ འཚེར་སྣང་མེད་མི་ ལེ་ཤ་ཡོད་ནི་དེ་གིས་ཨིན་མས།
ཨིན་རུང་ མི་སྡེ་ལུ་ཕན་པའི་ བཟང་པོའི་ལཱ་བྱ་ཚུ་ལུ་ ངམ་ངམ་ཤུགས་ཀྱིས་ འབད་བརྩོན་བསྐྱེད་པ་ཅིན་ ནམ་ཅིག་གི་ཚེ་ ང་བཅས་ར་ག་ར་ བཟང་པོའི་ཀུན་སློང་ཀུན་སྤྱོད་དང་ལྡན་མ་ཚུགས་པའི་ དཔེ་མི་སྲིད།

About admin

Check Also

བཀྲིས་གཡང་རྩེའི་ མི་སེར་ཚུ་གིས་ སྒོ་ནོར་གསོ་སྐྱོང་འབད་ནི་ལུ་ སྤྲོ་བ་བསྐྱེད་དོ་ཡོདཔ།

༉ བཀྲིས་གཡང་རྩེ་ཁྲོམ་ཁར་ ཨོ་ཆས་བཙོང་སའི་ཁང་མིག་ནང་ དྲོ་པ་ལས་ར་ ཨོམ་དང་མར་ དར་ཚིལ་ ཞོ་གིས་ གང་སར་མཐོངམ་ཨིནམ་པས། དེ་ཡང་ བཀྲིས་གཡང་རྩེའི་མི་ཚུ་གིས་ སྒོ་ནོར་ལེགས་ཤོམ་སྦེ་ གསོ་སྐྱོང་འཐབ་དོ་ཡོད་པའི་ རྟགས་མཚན་ཨིནམ་མ་ཚད་ སྒོ་ནོར་གྱི་ཐོན་སྐྱེད་ཡར་དྲག་སོང་ཡོད་པའི་ རྟགས་མཚན་ཅིག་ཡང་ …

Leave a Reply

Your email address will not be published. Required fields are marked *