ཁ་ཙ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ཁྲི་འཛིན་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ ཨ་ལོ་ཚུ་གིས་ རྫོང་ཁའི་མིང་ཚིག་དང་ ཡིག་སྡེབ་ཚུ་ འགྲུལ་འཕྲིན་ཐོག་ལས་ ལྷབ་སྦྱང་འབད་ནིའི་དོན་ལུ་ རྫོང་ཁའི་ཡིག་སྡེབ་ཀྱི་ རྩེདམོ་དང་ ཨིང་རྫོང་ཤན་སྦྱར་སྲིད་དོན་མིང་མཛོད་དང་ ཨིང་རྫོང་གཞི་རྟེན་གློག་རིག་མིང་མཛོད་ གཞུང་འབྲེལ་རྫོང་ཁའི་ ཚིག་མཛོད་ཆེན་མོ་ དེ་ལས་ འགུལ་བརྙན་བསམ་འཕེལ་ཟེར་མི་ གློག་བརྙན་ཐུང་ཀུ་ཅིག་ཡང་ གསར་བཏོན་གནང་ཡི།

འགྲུལ་འཕྲིན་ཐོག་ལས་ རྫོང་ཁ་ལྷབ་ནིའི་མཐུན་རྐྱེན་ཚུ་གསར་བཏོན།

༉ ཁ་ཙ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ ཨ་ལོ་ཚུ་གིས་ རྫོང་ཁའི་མིང་ཚིག་དང་ ཡིག་སྡེབ་ཚུ་ འགྲུལ་འཕྲིན་ཐོག་ལས་ ལྷབ་སྦྱང་འབད་ནིའི་དོན་ལུ་ རྫོང་ཁའི་ཡིག་སྡེབ་ཀྱི་ རྩེདམོ་དང་ ཀི་དེབ་གཞན་ཚུ་ གསར་བཏོན་འབད་ཡི།
ལྷན་ཚོགས་ཀྱིས་ ཀི་དེབ་ཚུ་ཡང་ ཨིང་རྫོང་ཤན་སྦྱར་སྲིད་དོན་མིང་མཛོད་དང་ ཨིང་རྫོང་གཞི་རྟེན་གློག་རིག་མིང་མཛོད་ གཞུང་འབྲེལ་རྫོང་ཁའི་ ཚིག་མཛོད་ཆེན་མོ་དང་ འགུལ་བརྙན་བསམ་འཕེལ་ཟེར་མི་ གློག་བརྙན་ཐུང་ཀུ་ཅིག་ཡང་ བཟོ་ཡོད་མི་དེ་ གསལ་སྟོན་འབད་ཡི།
ལྷན་ཚོགས་ཀྱི་ ལས་ཁུངས་འགོ་འཛིན་ བཀྲིས་ཚེ་དབང་གིས་ འགུལ་བརྙན་ཐུང་ཀུ་དེ་ གཙོ་བོ་ར་ ཨ་ལུ་ཚུ་གིས་ འགུལ་བརྙན་དེ་བལྟ་སྟེ་ རྫོང་ཁ་གོང་འཕེལ་གཏང་ཐབས་དང་ རྫོང་ཁ་སླབ་ནིའི་ནང་ སྦྱང་བ་བྱིན་ཐབས་ལུ་ཨིན་ཟེར་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ འགུལ་བརྙན་དེ་ སློབ་གྲྭ་ཚུ་ནང་ལས་ཕར་ཡང་ བཀྲམ་སྤེལ་འབད་ནིའི་ འཆར་གཞི་ཡོད་པའི་ཁར་ ལྷན་ཚོགས་ཀྱི་ ཡོངས་འབྲེལ་འཆར་སྒོ་ནང་ལས་ཡང་ ཕབ་ལེན་འབད་ཚུགས་ཟེར་ཨིན་པས།
དེ་བཟུམ་སྦེ་ ཀི་དེབ་གསར་བཏོན་འབད་མི་ཚུ་ཡང་ སློབ་གྲྭ་ནང་ལས་ཕར་ བཀྲམ་སྤེལ་འབད་ནིའི་ འཆར་གཞི་ཡོད་པའི་ཁར་ ཡོངས་འབྲེལ་ནང་ལས་ཡང་ ཕབ་ལེན་འབད་ཚུགས་ནི་ཨིན་པས།
འགུལ་བརྙན་དེ་ དུས་ཡུན་སྐར་མ་༢༤ དང་སྐར་ཆ་༣༠ ཡོད་མི་དེ་ནང་ ཨ་ཞང་གསང་ལ་དང་ ཁོ་རའི་ཚ་བོ་ བསམ་འཕེལ་ཟེར་མི་ སྤྱང་ཀ་ཨིན་རུང་ རིག་པ་ཅན་ཅིག་ཨིན་མི་གཉིས་ཀྱི་སྐོར་ལས་ཨིན་པས།
ཨ་ཞང་དེ་ ཕྱུགཔོ་ཅིག་འབད་ནི་དེ་གིས་ ཚ་བོ་ལུ་འདོདཔ་བཙོང་སྟེ་ ལེགས་ཤོམ་མ་འབད་རུང་ ཚ་བོ་གིས་ ཨ་ཞང་གི་སེམས་བསྒྱུར་བཅོས་འབད་ཐབས་ལུ་ དཀའ་སྡུག་མྱོང་བཅུག་པའི་མཐའ་མར་ ཁོང་གཉིས་ཆ་ར་ འཆམ་སྟེ་དགའ་ཏོག་ཏོ་སྦེ་ མཇུག་བསྡུཝ་ཨིན་པས།
འགྲུལ་འཕྲིན་རིམ་ལུགས་ནང་ རྫོང་ཁ་ཨིང་སྐད་ཚོགས་ཚིག་དཔེ་དེབ་ནང་ལས་ ཨིང་སྐད་ཀྱི་སྐད་སྒྱུར་དང་ རོ་མཱན་གྱི་སྒྲ་སྒྱུར་འབད་ཡོད་པའི་ ཚོགས་ཚིག་ཚུ་ཡོདཔ་ཨིན་པས།
དེ་ནང་ ལུང་པའི་ཁ་སྐད་རྐྱབ་མི་ཅིག་གི་ སྐད་བཙུགས་ཐོག་ལས་ སྒྲ་བཟུང་འབད་དེ་ཡོད་པའི་ ཚོགས་ཚིག་ཚུ་ ཚུད་དེ་ཡོདཔ་ད་ དེ་གིས་ མི་མང་གིས་ གནས་སྟངས་མ་འདྲཝ་གི་ནང་ ཚོགས་ཚིག་ལག་ལེན་འཐབ་ཐངས་ཤེས་ནིའི་དོན་ལུ་ཨིན་པས།
རིམ་ལུགས་དེ་ སྐད་གཉིས་ཟུང་འབྲེལ་སྦེ་ཡོདཔ་ལས་ རྫོང་ཁ་མ་ཤེས་མི་ཚུ་གིས་ཡང་ རྫོང་ཁ་ལྷབ་ནིའི་དོན་ལུ་ ལག་ལེན་འཐབ་བཏུབ་ནི་ཨིན་པས།
རྩེདམོ་དེ་ནང་ ཨ་ལོ་ཚུ་གིས་ རྫོང་ཁའི་མིང་ཚིག་ཚུ་ འགྲུལ་འཕྲིན་ཐོག་ལས་ ལྷབ་ཚུགས་ནིའི་ ཐབས་ལུ་ཨིནམ་ལས་ རྩེདམོ་དེ་ཡང་ གནས་ཚད་ཁག་གསུམ་སྦེ་ འཇམ་ཏོང་ཏོ་དང་ རན་ཏོག་ཏོ་ དེ་ལས་ ལཱ་ཁག་སྦེ་བཟོ་སྟེ་ཡོདཔ་ད་ སྡེ་ཚན་རེ་ནང་ མིང་ཚིག་༡༢ ལས་༡༥ འི་བར་ན་ཡོདཔ་ཨིན་པས།
མཐུན་རྐྱེན་དེ་ཚུ་ འགོ་འབྱེད་འབད་བའི་སྐབས་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ ཁོ་ར་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ ཁྲི་འཛིན་ཨིན་རུང་ ཁོ་རའི་གནས་ཡུན་སྐབས་ ལྷན་ཚོགས་ཀྱི་དོན་ལུ་ ཡིག་ཚང་ཅིག་ཡང་ རྐྱབ་མ་ཚུགས་རུང་ འཆར་གཞི་༡༢ པའི་ནང་ རྐྱབ་ཚུགས་པའི་ རེ་བ་ཡོད་ཟེར་གསུངས་ཡི།
བློན་ཆེན་གྱིས་ རྫོང་ཁ་གོང་འཕེལ་གཏང་ནིའི་དོན་ལུ་ ཐབས་ཤེས་བཏོན་མི་ལུ་ དགའ་ཚོར་ཡོད་ཟེར་གསུངས་ཡོདཔ་ད་ འབྲུག་པའི་བརྡ་བརྒྱུད་དང་ གློག་བརྙན་ཚོགས་པ་ཚུ་གིས་ཡང་ རྫོང་ཁ་གོང་འཕེལ་གཏང་ནི་ལུ་ ལྷན་ཐབས་འབད་དེ་ཡོད་ཟེར་ གསུངས་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

རྒྱལ་ཡོངས་ཚོགས་སྡེ་དང་ བརྡ་བརྒྱུད་གྱི་བར་ན་ མཉམ་འབྲེལ་ཁག་ཆེ་ནི།

༉ ཁ་ཙ་ ཐིམ་ཕུག་ལུ་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་དང་ བརྡ་བརྒྱུད་ཀྱི་འཐུས་མི་ཚུ་གི་བར་ན་ གྲོས་བསྟུན་ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ གཙུག་སྡེ་༢ ཀྱི་བར་ན་ མཉམ་འབྲེལ་འབད་དགོཔ་ ཁག་ཆེ་བའི་སྐོར་ གཅིག་གིས་གཅིག་ལུ་ ངོས་ལེན་འབད་ཡི། མཉམ་འབྲེལ་ཞལ་འཛོམས་ནང་ འབྲུག་རྒྱང་བསྒྲགས་ལས་འཛིན་དང་ …

Leave a Reply

Your email address will not be published. Required fields are marked *