ས་རྐོ་འཕྲུལ་ཆས་ལག་ལེན་འཐབ་སྟེ་ ཚུལ་མིན་ཐོག་ལས་ རྐྱབ་མི་སྒྲིང་ཁྱིམ་ བརྡལ་བཤིག་བཏང་པའི་བསྒང་།

འཁྲུན་ཆོད་ལུ་ ངོས་ལེན་འབད་མ་བཏུབ་པར་ སྒྲིང་ཁྱིམ་ཅིག་ བརྡལ་བཤིག་བཏང་ཡོདཔ།

༉ མོང་སྒར་རྫོང་ཁག་བདག་སྐྱོང་གིས་ འདས་པའི་བདུན་མཐའ་ལུ་ ཁྲོམ་ཁར་ ཚུལ་མིན་ཐོག་ལས་རྐྱབ་མི་ ཁྱིམ་དང་པ་ བརྡལ་བཤིག་བཏང་པའི་སྐབས་ ཁྲོམ་ཁར་སྡོད་མི་ཚུ་དང་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ ལྟདམོ་ལྟ་སྡོད་ཡི།
རྫོང་ཁག་གིས་ ཁྲོམ་གྱི་འཛུལ་སྒོ་ལུ་ཡོད་མི་ སྒྲིང་ཁྱིམ་སྒོར་སྒོརམ་ཟེར་སར་ ཐོག་ཚད་༤ འབད་མི་ སྒྲིང་ཁྱིམ་དང་གཅིག་ཁར་མཐུད་དེ་རྐྱབ་མི་ ཐོག་ཚད་༢ འབད་མི་ སྒྲིང་ཁྱིམ་དེ་ བརྡལ་བཤིག་བཏང་ཡི།
རྫོང་ཁག་གིས་ སྒྲིང་ཁྱིམ་དེ་ བརྡལ་གཏང་ནིའི་དོན་ལུ་ སྤྱི་ཟླ་༧ པའི་ཚེས་༡ ལས་འགོ་བཙུགས་ཏེ་ ཉིནམ་༣ འགོར་ཡོདཔ་ད་ ཉིནམ་༢ པའི་ནང་ ས་རྐོ་འཕྲུལ་ཆས་ཆུང་བ་ ལག་ལེན་འཐབ་པའི་སྐབས་ ཚུལ་མཐུན་འགྱོ་མ་བཏུབ་པར་ ས་བརྐོ་འཕྲུལ་ཆས་ ཨེགསི་ཀ་བེ་ཊར་ལག་ལེན་འཐབ་སྟེ་ བཤིག་བཏང་ཡོདཔ་ཨིན་པས།
མངོན་མཐོ་ཁྲིམས་འདུན་གྱིས་ དུས་ཅི་ སྤྱི་ཟླ་༤ པའི་ཚེས་༢༧ ལུ་གནང་མི་ འཁྲུན་ཆོད་དེ་ སྤྱི་ཟླ་༥ པའི་ནང་ བསྟར་སྤྱོད་འབད་ནིའི་ དཔའ་བཅམ་པའི་སྐབས་ ཇོ་བདག་གིས་ སྤྱི་ཟླ་༡༠ པ་ཚུན་ དུས་ཡུན་ཕར་འགྱངས་གནང་དགོ་པའི་ ཞུ་བ་ཕུལ་མི་ལུ་ རྫོང་ཁག་གིས་ སྤྱི་ཟླ་༦ པའི་ཟླ་མཇུག་ཚུན་ ཟླ་ངོ་༡ ཕར་འགྱངས་འབད་ཡོདཔ་ཨིན་པས།
ཁྱིམ་གྱི་ཇོ་བདག་ བཀྲ་ཤིས་སྟོབས་རྒྱས་ཀྱིས་འབད་བ་ཅིན་ ཁྲིམས་ལུ་གུས་ཞབས་དང་བརྩི་བཀུར་ཡོདཔ་ལས་ བརྡལ་བཤིག་མི་གཏང་ཟེར་མེན་པར་ ད་རེས་ ནད་ཡམས་ཀོ་བིཌ་-༡༩ འི་གནས་སྟངས་དང་ གནམ་བྱཱར་ཆརཔ་ཤུགས་སྦེ་ རྐྱབ་ནི་དེ་གིས་ ས་རུད་ཆད་ཉེན་ཡོད་མི་ལུ་བརྟེན་ དུས་ཡུན་ཕར་འགྱངས་ཀྱི་ ཞུ་བ་ཕུལ་ཡི་ཟེར་ཨིན་པས།
ཨིན་རུང་ རྫོང་ཁག་ལས་ ངོས་ལེན་མེད་མི་ལུ་བརྟེན་ ཁྱིམ་གྱི་ཇོ་བདག་དེ་ སྤྱི་ཟླ་༦ པའི་ཚེས་༡༢ ལས་ རྒྱལ་ས་ལྟེ་བ་ལུ་ ཆེ་མཐོའི་དབང་འཛིན་ཚུ་ལུ་ སྐྱིད་སྡུག་ཞུ་བར་སོང་ཡོདཔ་ད་ དུས་ཡུན་ཕར་འཕུད་ཀྱི་ཞུ་བ་ ལོགས་སུ་སྦེ་ཕུལ་ཡོད་རུང་ ངོས་ལེན་མེད་པར་ ང་ར་ ཁྱིམ་ནང་ལོག་མ་ལྷོདཔ་ལས་ བརྡལ་བཤིག་བཏང་མི་དེ་ ཁེ་རྒུད་མ་བཏུབ་ཟེར་ བཀྲ་ཤིས་སྟོབས་རྒྱས་ཀྱིས་ བཤདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྒྱལ་ས་ལུ་ གནད་དོན་དེ་གི་སྐོར་ལས་ བློན་ཆེན་མཆོག་ལུ་ ཞུ་བའི་སྐབས་ ཚར་གཅིག་ རྫོང་བདག་དང་གཅིག་ཁར་ གསུང་གྲོས་གནང་གནང་གེ་ཟེར་ ཞལ་གྱིས་བཞེས་ཡོདཔ་མ་ཚད་ ལྡོག་ཕྱོགས་འགོ་ཁྲིདཔ་ལུ་ཡང་ ཞུ་ཡི་ཟེར་ཨིན་པས།
དེ་གི་སྐོར་ལས་ རྫོང་བདག་ལུ་ཡང་ ཞུ་ཡིག་ལན་ཐེངས་༢ ཕུལ་ཡོད་རུང་ རྒྱལ་ས་ལྟེ་བ་ལུ་ སྐྱིད་སྡུག་ཞུ་ནི་གི་ གོ་སྐབས་འཚོལ་སྡོད་པའི་བར་ན་ ཁྱིམ་དེ་ བརྡལ་བཏང་ནུག་ཟེར་ ཇོ་བདག་གིས་ བཤདཔ་ཨིན་པས།
ཁྱིམ་གྱི་ཇོ་བདག་གིས་ སྤྱི་ལོ་༢༠༡༧ ལུ་ ས་གནས་གཞུང་གི་བཅའ་ཁྲིམས་༢༠༠༩ ཅན་མ་དང་ སྒྲིང་ཁྱིམ་སྒྲིག་གཞི་༢༠༠༢ ཅན་མའི་ དགོངས་དོན་ལས་འགལ་ནི་དེ་གིས་ རྫོང་ཁག་ཁྲིམས་འདུན་གྱིས་ བརྡལ་བཤིག་གཏང་དགོ་པའི་ འཁྲུན་ཆོད་བཏོན་པའི་ཤུལ་ལས་ ཆེ་མཐོ་དང་ མངོན་མཐོ་ཁྲིམས་འདུན་གཉིས་ཆ་ར་ལུ་ མཐོ་གཏུགས་འབད་ཡོད་རུང་ ཕྱིར་འབུད་བཏང་སྟེ་ ཐོག་མའི་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ གཞི་འཛིན་གནང་ཡོདཔ་ཨིན་པས།
བཀྲིས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ ཀོ་བིཌ་-༡༩ གི་གནས་སྟངས་ནང་ རྫོང་ཁག་གིས་ རྒྱབ་སྐྱོར་གནང་དགོཔ་ཡོད་རུང་ ས་བརྐོ་འཕྲུལ་ཆས་བཙུགས་ཐོག་ལས་ བརྡལ་བཏངམ་ད་ ཁྱིམ་དེ་ མ་ཁྱིམ་ལུ་ གག་གྲམ་ཕོག་ཉེན་ཡོདཔ་ལས་ སྒྲིང་ཁྱིམ་གྱི་ ཉེན་ཁ་ཡང་ རྫོང་ཁག་བདག་སྐྱོང་གིས་ འབག་དགོཔ་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁྱིམ་དེ་ ནམ་ར་འབད་རུང་ ཁོ་ར་གིས་ར་ ཉེན་སྲུང་དང་ལྡནམ་སྦེ་ བཤུབ་ནི་ཨིན་པའི་ ཞུ་བ་ཕུལ་ཡོདཔ་མ་ཚད་ མངོན་མཐོ་ཁྲིམས་འདུན་གྱི་ བཀའ་རྒྱ་ནང་ཡང་ བརྡལ་བཤིག་གཏང་ནིའི་ དུས་ཚོད་གཏན་འཁེལ་གནང་སྟེ་མེད་ཟེར་ཨིན་པས།
རྫོང་ཁག་བདག་སྐྱོང་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ མ་གཞི་ སྒྲིང་ཁྱིམ་གསར་ཐེབས་རྐྱབ་མི་དེ་ མངོན་མཐོ་ཁྲིམས་འདུན་གྱི་ འཁྲུན་ཆོད་དང་འཁྲིལ་ སྤྱི་ཟླ་༥ པའི་ཚེས་༡༣ ལས་འགོ་བཙུགས་ ཉིན་གྲངས་༥ འི་ནང་འཁོད་ལུ་ བརྡལ་བཤིག་གཏང་དགོ་པའི་ བརྡ་བསྐུལ་འབད་ཡོད་རུང་ ཇོ་བདག་གི་ཁ་ཐུག་ལས་ ནད་ཡམས་ཀོ་བིཌ་-༡༩ གི་ དཀའ་སྡུག་དང་ གཟུགས་ཁར་ནད་གཞི་ལུ་བརྟེན་ བྱ་སྟབས་མ་བདེཝ་ཡོད་པའི་ ཞུ་བ་འབད་མི་དང་འཁྲིལ་ དུས་ཚོད་ཐེབས་བྱིན་ཡོད་རུང་ ངོས་ལེན་མ་འབད་མི་ལུ་བརྟེན་ བརྡལ་བཤིག་བཏང་དགོཔ་ཐལ་སོ་ཡི་ཟེར་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

 

About admin

Check Also

རྒེད་འོག་བསྡབ་ནིའི་ གྲོས་འཆར་ལུ་ རྒཔོ་ཚུ་ སེམས་དང་མ་ལྡན་པར་ཡོདཔ།

༉ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒེད་འོག་ལས་བྱེད་ཚོགས་ཆུང་གིས་ རྒེད་འོག་༥༧ དེ་ཅིག་ རྒེད་འོག་གཞན་ཚུ་དང་བསྡབ་ནིའི་ གྲོས་འཆར་བཀོད་མི་དེ་ལུ་ དབང་འདུས་ཕོ་བྲང་རྫོང་ཁག་གི་ རྒཔོ་ཚུ་ལས་ ངོས་ལེན་ལེགས་ཤོམ་མེདཔ་ཨིན་པས། དེ་ཡང་ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒྱལ་ཁབ་ནང་ རྒེད་འོག་བསྡོམས་༢༠༥ ཡོད་མི་ལས་ …

Leave a Reply

Your email address will not be published. Required fields are marked *