འཁོན་ཞུགས་ནི་མེན་པར་ རྒྱལ་ཡོངས་ཀྱི་ མཐའ་དོན་ཚུ་ལུ་ གཙོ་བོར་བཏོན་དགོ།

༉ ཁ་ཙ་ལས་ འབྲུག་གི་སྤྱི་ཚོགས་༣ པའི་ རྒྱལ་ཡོངས་ཚོགས་ཐེངས་༣ པ་ དབུ་འཛུགས་གནང་ཡོདཔ་བཞིན་དུ་ དུས་ཅིའི་ གནམ་དགུན་གྱི་ ཚོགས་བཞུགས་དེ་ཡང་ འདས་པའི་ལོ་ངོ་༡༡ དང་ཕྱེད་དང་ཕྱདཔ་ད་ དུས་ཡུན་རིང་ཤོས་ཅིག་འོང་ནི་ཨིན་མས།
གནམ་དགུན་གྱི་ ཚོགས་རིམ་ཡུན་རིངམོ་སྦེ་ བཞག་མི་དེ་ཡང་ རྒྱལ་ཁབ་ནང་ ཁྲིམས་ཀྱི་རིང་ལུགས་ རྩ་བརྟན་བཟོ་ནི་དང་ ཐོན་ཁུངས་ཚུ་ འདྲ་མཉམ་སྦེ་ སྤྱོད་ཐབས་ལུ་མཁོ་བའི་ བཅའ་ཁྲིམས་ཚུ་ འཕྲི་སྣོན་འབད་ནི་དང་ ཆ་འཇོག་འགྲུབ་ནིའི་དོན་ལུ་ དཔྱད་ཡིག་གསརཔ་ལེ་ཤ་ཅིག་ར་ གསུང་གྲོས་གནང་དགོཔ་ཡོད་མི་ལུ་བརྟེན་ཨིན་མས།
དཔྱད་ཡིག་ཚུ་གི་གྲས་ལས་ རྩོད་འགྲན་ཅིག་ལུ་ གྱུར་ཡོད་མི་ འབྲུག་གི་གཏེར་ཁ་དང་ ས་གཏེར་འཕྲི་སྣོན་དཔྱད་ཡིག་༢༠༢༠ ཅན་མ་དེ་ ཆ་འཇོག་གི་དོན་ལུ་ གསུང་གྲོས་གནང་ནི་ཨིནམ་བཞིན་དུ་ མི་མང་གིས་ དཔྱད་ཡིག་དེ་ལུ་ སྤྲོ་བ་བསྐྱེད་མི་དེ་ཡང་ གཞུང་གིས་ ས་གཏེར་སྡེ་ཚན་དེ་ རྒྱལ་ཁབ་ཀྱི་ དཔལ་འབྱོར་འཕེལ་གྱི་དོན་ལུ་ ནོརབུ་༥ གི་གྲངས་སུ་ ངོས་འཛིན་འབད་དེ་ཡོད་མི་ལུ་བརྟེན་ཨིན་མས།
ས་གཏེར་དཔྱད་ཡིག་སྐོར་ གསུང་གྲོས་གནངམ་ད་ སྲིད་དོན་གྱི་དབང་ལུ་ ཐལ་ནི་དང་ ཡང་ཅིན་ ད་ཚུན་གྱི་བར་ན་ འབྱོར་པ་ཅན་དག་པ་གིས་ ས་གཏེར་བདག་དབང་འབད་མི་ཚུ་གི་ རྒྱབ་སྲུང་འབད་ལུ་ གཡོ་ནི་གི་ ཉེན་ཁ་ཡོདཔ་ཨིན།
འདས་པའི་བདུན་ཕྲག་ནང་ རྒྱལ་ཡོངས་ཚོགས་འདུ་གིས་ ས་གཏེར་དང་ གཏེར་ཁའི་ གནད་དོན་སྐོར་ལས་ མི་མང་སྙན་གསན་འགོ་དང་པ་ རྒྱང་མཐོང་ནང་ འགོ་འདྲེན་འཐབ་པའི་སྐབས་ ས་གཏེར་དང་འབྲེལ་བའི་ ལས་སྣ་གིས་ མི་རེ་གཉིས་ལུ་མ་གཏོགས་ སྤྱིར་བཏང་མི་མང་ལུ་ ཁེ་ཕན་གངམ་མེན་པའི་ མངོན་གསལ་བྱུང་ཡི།
དེ་འབདཝ་ལས་ ས་གཏེར་དང་གཏེར་ཁ་འཛིན་སྐྱོང་བཅའ་ཁྲིམས་༡༩༩༥ ཅན་མ་དེ་ འཕྲི་སྣོན་འབད་དགོ་པའི་ དགོས་མཁོ་བྱུང་མི་དེ་ཡང་ ས་གཏེར་དེ་ རྒྱལ་ཁམས་ཀྱི་ རང་བཞིན་ཐོན་ཁུངས་ཨིནམ་ལས་ འབྲུག་མི་ཡོངས་ལུ་ ཡུན་བརྟན་ཐོག་ འདྲ་མཉམ་སྦེ་ སྤྱོད་ནི་གི་ ཐོབ་དབང་ཡོད་རུང་ ད་ཚུན་གྱི་བར་ན་ ཐོབ་མ་ཚུགས་པར་ཡོདཔ་ཨིན།
འདི་བཟུམ་མའི་ ཐོབ་སྤྱོད་འདྲ་མཉམ་མེད་མི་དེ་ དཔྱད་ཡིག་དེ་གིས་ སེལ་ཚུགས་ནི་གི་ འོས་འབབ་ཡོདཔ་ད་ དེ་གི་དོན་ལུ་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གིས་ སྲིད་དོན་དང་ རང་སོའི་ཁེ་ཕན་ལྟག་སྤྲོད་ལུ་ ཐུགས་བཞེད་མ་གནང་པར་ ལེགས་ཤོམ་སྦེ་ རྩོད་འགྲན་གནང་སྟེ་ མ་འོངས་ཡུན་རིང་ལུ་ཕན་པའི་ གྲོས་ཆོད་བཏན་དགོཔ་དེ་ག་ནི་ཡང་གལ་ཆེ།
གལ་སྲིད་ འཐུས་མི་ཚུ་གིས་ འདས་པའི་ཚོགས་ཐེངས་ནང་ གྲོས་གཞི་དག་པ་ཅིག་གི་ཐོག་ལུ་ གསུང་གྲོས་གནངམ་ད་ འཁོན་སེམས་བསྐྱེད་དེ་ གཅིག་གིས་གཅིག་ལུ་ མཛུབ་མོ་དཔག་སྟེ་ རྩོད་འགྲན་འབད་བ་ཅིན་ ཁུང་ཐུབ་ཅན་དང་ ཕན་རླབས་ཆེ་བའི་ གྲོས་ཆོད་བཏོན་མི་ཚུགས།
ཨིན་རུང་ བཙག་འཐུ་ལས་གྲུབ་མི་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་ལུ་ ཤེས་མྱོང་དང་ ཉམས་མྱོང་མ་བཏུབ་བཏུབ་སྦེ་ ཐོབ་ཡོདཔ་ལས་ དཔྱད་ཡིག་ལ་སོགས་པའི་ གོང་འཕེལ་དང་འབྲེལ་བའི་ གནད་དོན་ག་ཅིའི་སྐོར་ལས་ གསུང་གྲོས་གནང་ཡོད་རུང་ རྒྱལ་ཁབ་ཀྱི་ འཕྲལ་ཕུགས་གཉིས་ཆ་རའི་ མཐའ་དོན་ཚུ་ལུ་ གཙོ་བོར་བཏོན་ཏེ་ གྲོས་བསྡུར་གནང་ནི་གི་ རེ་བ་ཡོད།

About admin

Check Also

འགྲོ་འགྲུལ་བཀག་དམ་སྐབས་ རང་དང་གཞན་གྱི་ཉེན་སྲུང་དོན་ལུ་ རང་སོའི་ཁྱིམ་ནང་སྡོད་དགོཔ།

༉ ད་རེས་ཁམས་ ཟུར་བཞག་ས་ཁོངས་ནང་ ལོག་ཅི་ར་ བརྟག་དཔྱད་འབད་དེ་ ལོག་བཏང་མི་ཨམ་སྲུ་ཅིག་ ཀོ་རོ་ན་བའེ་རཱསི་ནད་འབུབ་ཡོད་པའི་ ནད་བརྟག་གྲུབ་འབྲས་ཐོན་མི་དང་འཁྲིལ་ ཁ་ཙ་ལས་འགོ་བཙུགས་ རྒྱལ་ཁབ་མཐའ་དབུས་མེད་པར་ འགྲོ་འགྲུལ་བཀག་དམ་ཡོདཔ་བཞིན་དུ་ ཨམ་སྲུ་དེ་དང་གཅིག་ཁར་ འབྲེལ་བ་འཐབ་མི་ཚུ་ འཚོལ་ཞིབ་ཐོག་ལས་ བརྟག་དཔྱད་འབད་བའི་བསྒང་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *