ཟླཝ་༦ ལས་༡༢ ཚུན་ དངུལ་འབྲེལ་མཐུན་རྐྱེན་ཚུ་ འཕྲོ་མཐུད་གནང་ནི།

༉ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ ཚོང་འབྲེལ་ཚུ་གི་ ཡུན་བརྟན་དང་ འཆར་གཞི་ དེ་ལས་ ཐབས་བྱུས་ཚུ་ ཡར་དྲག་གཏང་ནིའི་དོན་ལུ་ ད་རུང་ དུས་ཡུན་ཟླཝ་༦ ལས་༡༢ ཚུན་ དངུལ་འབྲེལ་མཐུན་རྐྱེན་ཚུ་ འཕྲོ་མཐུད་གནང་ནི་ཨིན་པས།
དེ་ཡང་ སྤྱི་ཟླ་༦ པའི་ཚེས་༢༧ གྱི་ཕྱི་རུ་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ འབྲུག་རྒྱང་བསྒྲགས་ཀྱི་ཐོག་ལས་ གསལ་བསྒྲགས་འབད་ཡི།
བློན་ཆེན་གྱིས་འབད་བ་ཅིན་ ཚོང་འབྲེལ་ཆེ་བ་དང་ ཆུང་བ་༢ ཆ་རའི་དོན་ལུ་ཨིན་མི་ དངུལ་འབྲེལ་ཐབས་ལམ་དེ་ཡང་ རྒྱབ་སྐྱོར་ཐེངས་༢ པ་ཨིནམ་ད་ དེ་གིས་ འབྲུག་རྒྱལ་པོའི་རྒུད་གསོ་སྐྱིད་སྡུག་དང་གཅིག་ཁར་ ནད་ཡམས་ལུ་བརྟེན་ གནོད་སྐྱོན་བྱུང་མི་དང་ སྐྱིན་འགྲུལ་གྱི་ སྐྱེད་བཏབ་ནི་ལུ་ ཕན་ཐོགས་འབྱུང་ནི་ཨིན་པས།
དངུལ་འབྲེལ་ཐབས་ལམ་དེ་དང་འཁྲིལཝ་ད་ སྐྱིན་འགྲུལ་ལེན་མི་ཚུ་ ལོག་བཏབ་ནི་དེ་ ལོ་༡ གི་རིང་ ཕར་འགྱངས་འབད་ནི་ཨིན་མི་དེ་གིས་ སྐྱིན་འགྲུལ་ཚུ་ ལོག་བཏབ་མ་ཚུགས་པའི་ཚ་གྱང་ མར་ཕབ་འབད་ཚུགས་ནི་ཨིན་པས།
ཨིན་རུང་ ནད་ཡམས་ཀྱི་སྐབས་ ལོག་སྐྱིན་འགྲུལ་བཏབ་ཚུགས་མི་ཚུ་ལུ་ དངུལ་འབྲེལ་གྱི་རྒྱབ་སྐྱོར་ སྐྱེད་བརྒྱ་ཆ་རེ་ མར་ཕབ་འབད་དེ་ བྱིན་ནི་ཨིན་པས།
དེ་བཟུམ་སྦེ་ རྒྱལ་ཡོངས་ནང་བཟོ་དང་བཟོ་གྲྭ་ཆུང་བའི་ གོང་འཕེལ་དངུལ་ཁང་གིས་ ཚོང་འབྲེལ་ཚུ་ འཕྲོ་མཐུད་དེ་ར་ ལག་ལེན་ཐོག་ལུ་ བཞག་ནིའི་དོན་ལུ་ སྐྱིན་འགྲུལ་ཚུ་ སྐྱེད་བརྒྱ་ཆ་༥ སྦེ་བྱིན་ནི་དང་ ནང་བཟོ་དང་ བཟོ་གྲྭ་ཆུང་བ་ཚུ་ལུ་ སོ་ནམ་དང་ སྐྱེད་ཉུང་སྐྱིན་འགྲུལ་ཆུང་བ་ཚུ་ སྐྱེད་བརྒྱ་ཆ་༢ དང་༤ རེ་སྦེ་ དུས་ཡུན་ཟླཝ་༡༢ ཀྱི་རིང་ བྱིན་ནི་ཨིན་པས།
དངུལ་སྐྱིན་འགྲུལ་ལེན་མི་ཚུ་གི་དོན་ལུ་ སྐྱེད་མར་ཕབ་འབད་ནི་ཨིན་རུང་ དངུལ་གསོག་འཇོག་འབད་མི་ཚུ་གི་དོན་ལུ་ གསོག་འཇོག་གི་སྐྱེད་ཚུ་ མར་ཕབ་མི་འབད་ནི་ཨིན་པས།
དེ་དང་གཅིག་ཁར་ གཞུང་གིས་ རྒྱལ་ཁབ་ནང་འཁོད་ལུ་ ནང་འཁོད་ཀྱི་ དགོས་མཁོ་ཡར་སེང་གཏང་ནི་དང་ དཔལ་འབྱོར་གྱི་ལས་སྣ་ཡར་སེང་འབད་ནི་ དེ་ལས་ ལཱ་གཡོག་གི་གོ་སྐབས་ ཡར་སེང་ཐོག་ལས་ གོང་འཕེལ་རྩ་བརྟན་བཟོ་ནིའི་དོན་ལུ་ ཕབ་ཆག་ཡོད་པའི་ དངུལ་འབྲེལ་མཐུན་རྐྱེན་ཚུ་ འཕྲོ་མཐུད་དེ་ར་ འགོ་འདྲེན་འཐབ་ནི་ཨིན་པས།
དེ་གི་དོན་ལུ་ མཁོ་སྒྲུབ་ཀྱི་ལམ་སྟོན་ཚུ་ཡང་ ལེགས་བཅོས་འབད་དེ་ ནང་འཁོད་ཀྱི་ཅ་ཆས་ཚུ་ལུ་ གདམ་ཁ་བྱིན་ནི་ཨིན་ཟེར་ཨིནམ་མ་ཚད་ དངུལ་ཕྱི་ཁར་གཏང་དགོཔ་ཚུ་ མར་ཕབ་འབད་ནིའི་དོན་ལུ་ དམིགས་གཏད་བསྐྱེད་པའི་ཁྲལ་ཚུ་ སྤྲོད་ནིའི་དུས་ཚོད་ ཕར་འགྱངས་འབད་ནི་དང་ ཁང་གླ་མར་ཕབ་ཚུ་ འཕྲོ་མཐུད་དེ་ འབད་ནི་ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ འབྲུག་རྒྱལ་པོའི་རྒུད་གསོ་སྐྱིད་སྡུག་དེ་ཡང་ སྤྱི་ཟླ་༧ པ་ལས་༩ པ་ཚུན་ འཕྲོ་མཐུད་དེ་ར་ འགོ་འདྲེན་འཐབ་ནི་ཨིན་རུང་ སྐྱིད་སྡུག་ཞུ་མིའི་གྱངས་ཁ་ ཡར་སེང་འགྱོ་ནིའི་ ཉེན་ཁ་ཡོད་མི་ལུ་བརྟེན་ སྐྱིད་སྡུག་གི་ ཚད་གཞི་དེ་ཡང་ དངུལ་ཀྲམ་༡༠,༠༠༠ དང་༧,༠༠༠ ལུ་ བདེ་སྒྲིག་འབད་ཡོདཔ་ཨིན་པས།
སྤྱི་ཟླ་༤ པ་ལས་༦ པ་ཚུན་ལུ་ ནད་ཡམས་ཀྱིས་ གནོད་སྐྱོན་ཕོག་མི་ མི་གྲངས་༢༣,༠༠༠ ལུ་ དངུལ་ཀྲམ་ས་ཡ་༧༠༠ སྐྱིད་སྡུག་གནང་ཡོདཔ་ཨིན་པས།
ཨིན་རུང་ སྐྱིད་སྡུག་ལེན་མི་ཚུ་གིས་འབད་རུང་ གཞུང་དང་ སྒེར་གྱི་ལས་སྣ་ཚུ་བརྒྱུད་དེ་ ལཱ་གཡོག་ཚུ་འཚོལ་ནི་ལུ་ རྩ་འགེངས་དགོཔ་ཨིན་པས།
མཐུན་རྐྱེན་ཚུ་དང་གཅིག་ཁར་ སྒེར་སྡེ་ཚུ་གིས་ཡང་ དཔལ་འབྱོར་གྱི་དོན་ལུ་ རྩ་འགེངས་ཏེ་ དགོས་མཁོ་ཆེ་བའི་ ཅ་ཆས་བཀྲམ་སྤེལ་དང་ ཞབས་ཏོག་ དེ་ལས་ ལཱ་གཡོག་གི་ གོ་སྐབས་བྱིན་ནི་ལུ་ འཕྲོ་མཐུད་དེ་ར་ ཕྱག་ཞུ་འོང་མནོ་བའི་ རེ་བ་ཡོདཔ་ཨིན་པས།
ནད་ཡམས་དེ་ མར་ཉམས་འགྱོ་ནི་མེད་མི་ལུ་བརྟེན་ འཛམ་གླིང་ག་ཏེ་ཡང་ དཔལ་འབྱོར་གྱི་དཀའ་ངལ་ ཐོན་ཏེ་ཡོདཔ་ད་ མ་གཞི་ འབྲུག་ལུ་ མི་སྡེའི་ནང་ ནད་གཞི་ཁྱབ་སྤེལ་མ་འགྱོ་རུང་ དཔལ་འབྱོར་གྱི་ཐད་ཁར་ རྒྱལ་ཁབ་གཞན་ཚུ་ནང་བཟུམ་སྦེ་ར་ དཀའ་ངལ་བྱུང་སྟེ་ཡོདཔ་ཨིན་པས།
དེ་དང་འཁྲིལ་ གཞུང་གིས་ ནད་ཡམས་དེ་ལུ་བརྟེན་ ཚོང་འབྲེལ་དང་ ལས་བྱེདཔ་ཚུ་གི་དོན་ལུ་ ཟད་འགྲོ་ལྕི་དྲགས་གནས་ནི་ཨིནམ་མཁྱེན་ཏེ་ དེ་གི་གདོང་ལེན་དོན་ལུ་ དངུལ་འབྲེལ་མཐུན་རྐྱེན་ཚུ་ གནངམ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

ཝམ་རོང་གི་ འཐབ་རྩོད་ནང་ མི་༣ ལུ་ ཉེས་འཛུགས་འབད་ཡོདཔ།

༉ བཀྲིས་སྒང་ཝམ་རོང་ལུ་ སྤྱི་ཟླ་༤ པའི་ཚེས་༢༦ ལུ་ འཐབ་འཛིང་བྱུང་མི་དེ་ནང་ དྲང་དཔོན་གྱི་ཨམ་དང་ ཕྱགས་བདར་བའི་གནས་ཚང་ དེ་ལས་ སློབ་ཕྲུག་བུཚ་ཅིག་ལུ་ ཉེས་འཛུགས་འབད་བའི་ སྣ་ཚོགས་སྙན་གསན་དེ་ ཁ་ཙ་ ཝམ་རོང་དྲུང་ཁག་ཁྲིམས་ཀྱི་འདུན་སར་ ངང་ལམ་དྲུང་ཁག་ཁྲིམས་འདུན་གྱི་ …

Leave a Reply

Your email address will not be published. Required fields are marked *