ཟླཝ་༡༣ ལང་མི་ ཨ་ལོ་༡ ལུ་ མཆིནམ་ཚབ་བཙུགས་ནི།

༉ ཁ་ཙ་ སྤ་རོ་ལས་ རྒྱ་གར་ནིའུ་ལྡི་ལི་ལུ་ ཟླཝ་༡༣ ལང་མི་ གཡུ་གྲགས་ཚེ་རིང་མཛེས་པ་དེ་ མཆིནམ་ཚབ་བཙུགས་ནིའི་དོན་ལུ་ ཕམ་༢ ཀྱིས་ གཤག་བཅོས་འབད་བར་ ཁྱིད་སོང་ནུག།
ཨ་ལོའི་ཨ་པ་ བདེ་ཆེན་དབང་འདུས་ཀྱིས་ སླབ་མིའི་ནང་ ཁོ་རའི་ཨ་ལོ་ལུ་ མཆིནམ་ཚབ་བཙུགས་ནིའི་དོན་ལུ་ ཞལ་འདེབས་དགོ་པའི་སྐོར་ མི་སྡེ་བརྡ་བརྒྱུད་ནང་ ཁྱབ་སྤེལ་སོང་སྟེ་ ཉིན་གྲངས་༥ གི་ནང་འཁོད་ལུ་ ཞལ་འདེབས་དངུལ་ཀྲས་ས་ཡ་༣ དེ་ཅིག་ཐོབ་ཅི་ཟེར་ཨིན་པས།
ཨསི་ཊེ་ལི་ཡ་དང་ ཨེ་མི་རི་ཀ་ལུ་སྡོད་མི་ འབྲུག་མི་ཚུ་དང་ འབྲུག་ནང་འཁོད་ཀྱི་མི་སེར་ དེ་ལས་ མཆིནམ་ཚབ་བཙུགས་ནིའི་ ཚོགས་པ་སྡེ་ཚན་ཚུ་གིས་ ཞལ་འདེབས་བསྡུ་ལེན་འབད་ཡི་ཟེར་ཨིན་པས།
བདེ་ཆེན་དབང་འདུས་ཀྱིས་འབད་བ་ཅིན་ ཁོ་རའི་མཆིནམ་ཆ་ཤས་ཅིག་ ཨ་ལོ་ལུ་ སྤོ་བཙུགས་ཀྱི་ གཤག་བཅོས་འབད་ནི་དང་ སྨན་བཅོས་ཀྱི་ཟད་འགྲོ་ དེ་ལས་ ཕར་ཚུར་ཟད་འགྲོ་གཏང་དགོ་མི་ཚུ་ལུ་ ཞལ་འདེབས་བསྡུ་ལེན་འབད་མི་ མ་དངུལ་དེ་གིས་ ལྷན་ཐབས་འབད་ཚུགས་ནི་མས་ཟེར་ཨིན་པས།
འགོ་ཐོག་སྐབས་ ཐའེ་ལནེཌ་ལུ་ འགྱོ་ནི་སྦེ་ འཆར་གཞི་བརྩམས་ཡོད་རུང་ སྨན་ཁང་ལས་ ཐག་བཅད་མ་ཚུགས་པའི་ཤུལ་ལས་ རྒྱ་གར་ལུ་ཡོད་མི་ འབྲུག་གི་ཌོག་ཊར་ཚུ་དང་ གྲོས་བསྟུན་འབད་དེ་ ནིའུ་ལྡི་ལི་ལུ་ སྨན་ཁང་ཅིག་ནང་ འགྱོ་ནི་སྦེ་ ཐག་བཅད་ཡོདཔ་ཨིན་པས།
ཨ་ལོ་དེ་ ཟླ་ངོ་༢ ལངམ་ད་ གཟུགས་སེརཔོ་ཐལ་བའི་ཁར་ ཆབ་གསང་རྒྱསཔ་དང་བསྡུསཔ་༢ ཆ་ར་ སེརཔ་ཐོན་ཡོདཔ་ལས་ བཀྲིས་སྒང་མཁའ་གླིང་སྨན་ཁང་ནང་ སྨན་བཅོས་འབད་བའི་ཤུལ་ལས་ བཀྲིས་སྒང་སྨན་ཁང་དང་ མོང་སྒརལུང་ཕྱོགས་གཙོ་བསྟེན་སྨན་ཁང་བརྒྱུད་དེ་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ བཏང་ཡི་ཟེར་ དབང་ཆེན་དབང་འདུས་ཀྱིས་ སླབ་ཨིན་པས།
རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ལས་ རྒྱ་གར་ཀཱལ་ཀ་ཊ་སྨན་ཁང་ནང་ སྨན་བཅོས་འབད་བར་ བཏང་པའི་སྐབས་ ཨ་ལོ་ལུ་ མཆིན་ནད་ཡོདཔ་སྦེ་ ཤེས་རྟོགས་བྱུང་ཡི་ཟེར་ཨིན་པས།
ཨ་ལོ་ལུ་ མཆིནམ་ཚབ་བཙུགས་ནིའི་དོན་ལུ་ སྨན་བཅོས་དང་ རིམ་གྲོ་ཚུ་ཡང་ འབད་ཡི་ཟེར་ དབང་ཆེན་དབང་འདུས་ཀྱིས་ བཤད་པའི་ཁར་ སྨན་ཁང་ནང་སྡོད་རིང་ འབྲུག་མཁལ་རྡོག་གཞི་ཚོགས་ཀྱི་ འགོ་དཔོན་ཚུ་འོང་སྟེ་ ཨ་ལོ་ལུ་ རྒྱབ་སྐྱོར་འབད་ནི་ཨིན་པའི་སྐོར་ སེམས་ཤུགས་བསྐྱེད་དགོཔ་དང་ སྒྲིང་སྒྲི་སྡོད་དགོཔ་སྦེ་ སླབ་མི་ཐོན་ཡི་ཟེར་ བཤདཔ་ཨིན་པས།
གསོ་བ་བློན་པོ་བདེ་ཆེན་དབང་མོ་གིས་ མི་སྡེ་བརྡ་བརྒྱུད་ནང་ གནས་ཚུལ་མཐོང་པའི་ཤུལ་ལས་ སྨན་ཁང་གི་ ལས་བྱེདཔ་ཚུ་ལུ་ སྨན་ཁང་གི་ཧོངས་ལས་ ག་དེ་དྲག་དྲག་ ཆ་རོགས་འབད་དགོཔ་སྦེ་ སླབ་ཅི་ཟེར་ བཤདཔ་ཨིན་པས།
སྤྱི་ཟླ་༡༡ པའི་ཚེས་༢༡ ལུ་ འབྲུག་མཁལ་རྡོག་གཞི་ཚོགས་ཀྱི་འགོ་འཛིན་ བཀྲིས་རྣམ་རྒྱལ་གྱིས་ ཞལ་འདེབས་ཀྱི་ མ་དངུལ་དེ་ ཨ་ལོའི་དོན་ལུ་ དྭངས་གསལ་ཐོག་ལས་ ལག་ལེན་འཐབ་འོང་ཟེར་ མི་སྡེ་བརྡ་བརྒྱུད་ནང་ བཀོད་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

འབྲུག་རྒྱལ་ཡོངས་ཕུཊ་བཱོལ་སྡེ་ཚན་གྱིས་ ཨང་༢ པ་ཐོན་ཡོདཔ།

༉ ཁ་ཙ་ ནེ་པཱལ་པོ་ཁ་ར་ལུ་སྦེ་ འབྲུག་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་དང་ ནེ་པཱལ་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་༢ ཀྱི་བར་ན་ ཕུཊ་བཱོལ་རྩེད་འགྲན་གྱི་ མཐའ་བཅད་འགྲན་བསྡུར་འབདཝ་ད་ འབྲུག་གིས་གཱོལ་༡ དང་ ནེ་པཱལ་གྱིས་ གཱོལ་༢ བཙུགས་ཏེ་ རྒྱལ་ཁ་ཐོབ་ཅི། རྩེད་འགྲན་འགོ་བཙུགས་ཏེ་ …

Leave a Reply

Your email address will not be published. Required fields are marked *