ཟུར་བཞག་ཁང་ལུ་བརྟེན་ ནད་ཡམས་ཁྱབ་སྤེལ་འགྱོ་ནི་ལས་ སྔོན་འགོག།

༉ འཛམ་གླིང་རྒྱལ་ཁབ་ཚུ་ནང་ ཀོ་རོ་ན་བའེ་རཱསི་ནད་འབུབ་ མགྱོགས་དྲགས་སྦེ་ ཁྱབ་སྤེལ་འགྱོ་བའི་གནས་སྟངས་འཚུབས་ཅན་འདི་ལས་ བཟློག་ཐབས་འབད་ནིའི་དོན་ལུ་ ཚན་རིག་མཁས་མཆོག་ཚུ་གིས་ ཐབས་ལམ་སྣ་ཚོགས་བཏོན་རུང་ གླགས་ཁེལ་མ་ཚུགས་པའི་ གདོང་ལེན་བྱུང་སྟེ་ཡོད།
རྒྱལ་ཁབ་ལ་ལོ་ཅིག་གིས་ སྔོན་འགོག་དང་ ཚད་འཛིན་གྱི་ ཐབས་ལམ་བཏོན་མི་ཚུ་ མཐར་འཁྱོལ་ཅན་སྦེ་ ལག་ལེན་འཐབ་ཚུགས་མི་དེ་ལུ་ ངལ་རངས་ཡིད་ཆེས་ཡོད་རུང་ མང་ཤོས་ཅིག་ནང་ འཐུས་ཤོར་བྱུང་མི་ལུ་བརྟེན་ འགྲོ་བ་མི་དང་ དཔལ་འབྱོར་ལུ་ གནོད་སྐྱོན་སྦོམ་སྦེ་ར་ བྱུང་སྟེ་འདུག།
འབྲུག་གི་ཐད་ཁར་འབད་བ་ཅིན་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ནད་ཡམས་བཀག་ཐབས་དང་ ཚད་འཛིན་དོན་ལུ་ སྐུ་དངོས་སུ་སྦེ་ རྫོང་ཁག་ཚུ་ནང་ ཆིབས་སྐྱོད་གནངམ་མ་ཚད་ ཕན་རླབས་ཆེ་བའི་ བཀའ་སློབ་དང་ལམ་སྟོན་ དེ་ལས་ རྒྱབ་སྐྱོར་ཚུ་ གང་དྲག་མཛད་གནང་མི་ལུ་བརྟེན་ ད་ལྟོ་ཚུན་ ནད་ཡམས་ཐོབ་མི་ དག་པ་ཅིག་ལས་བརྒལ་མ་ཐོན་པའི་ཁར་ དེ་ཡང་ག་ར་ ཕྱིའི་རྒྱབ་ཁབ་ཚུ་ནང་ལས་ འོང་མི་ཚུ་ཨིན།
དེ་ལས་ རྒྱལ་ཁབ་ཕྱི་ལས་འོང་མི་ སློབ་ཕྲུག་དང་ ངོ་རྐྱང་བསྡོམས་༣,༥༠༠ལྷགཔ་ཅིག་ རྒྱལ་ཁབ་ནང་འཁོད་ཀྱི་ ས་གནས་ཁག་ཚུ་ནང་ མཐུན་རྐྱེན་ཡོད་པའི་ ཟུར་བཞག་ཁང་༡༢༠ ཡོད་མི་ཚུ་ནང་ ཉིན་གྲངས་༢༡ གི་རིང་ ཟུར་བཞག་སྟེ་ཡོདཔ་ད་ དེ་ཡང་ གཙོ་བོ་ར་ ནད་ཡམས་ཐོབ་མ་ཐོབ་ཀྱི་ བརྟག་དཔྱད་འབད་ནི་དང་ ཁྱབ་སྤེལ་འགྱོ་མི་བཅུག་ནིའི་ སྔོན་འགོག་ཐབས་ལམ་ བཟུམ་ཅིག་ཨིན་མས།
ནད་མ་འོང་གོང་ལས་རིམ་གྲོ་དང་ ཆུ་མ་འོང་གོང་ལས་གཡུར་བ་ཟེར་ སླབ་དོ་བཟུམ་སྦེ་ ང་བཅས་རའི་ མ་འོངས་སྔོན་གཟིགས་ཅན་གྱི་ དབུ་ཁྲིདཔ་ཚུ་གིས་ སྔ་གོང་ལས་ར་ ས་མཚམས་འཛུལ་སྒོ་ཚུ་ག་ར་ སྒོ་བསྡམས་བཞག་པའི་ཁར་ རྒྱུན་འགྲུལ་བཀག་ཆ་འབད་མི་ལུ་བརྟེན་ འབྲུག་མི་ཚུ་ བསམ་བརྗོད་ལས་འདས་པའི་ ཁ་རྗེ་བཟང་ཡོདཔ་ད་ དེ་མིན་ ཡུདཔ་ཐེངས་གཅིག་ནང་ར་ ནད་ཡམས་འདི་ ནགས་མེ་ཤོར་དོ་བཟུམ་སྦེ་ ཁྱབ་སྤེལ་མགྱོགས་དྲགས་འགྱོ་ནིའི་ ཉེན་ཁ་འདུག།
ང་བཅས་ར་ དུས་དང་རྣམ་པ་ཀུན་ཏུ་ སེམས་བག་ཡེངས་མ་ཤོར་བར་ དྲན་ཤེས་བཏོན་དགོ་མི་དེ་ཡང་ ཀུན་ཁྱབ་ནད་ཡམས་འདི་ལུ་ སྨན་བཅོས་མེད་པའི་ཁར་ འཛམ་གླིང་ནང་ ཚན་རིག་མཁས་མཆོག་ ག་དེམ་ཅིག་ཡོད་རུང་ ད་ལྟོ་ཚུན་ ནད་ཡམས་འདི་ལུ་ཕན་པའི་ དམིགས་བསལ་ནུས་སྨན་ཅིག་ གསར་བཏོད་འབད་མ་ཚུགས་ནི་དེ་གིས་ ཉེན་ཅན་གནས་སྟངས་ནང་ཡོད།
རྒྱུ་མཚན་འདི་ལུ་བརྟེན་ གཞུང་ཞབས་ཀྱིས་ ཟད་འགྲོ་ལྕི་རུང་ ང་བཅས་རའི་ འབྲུག་མི་ཚུ་གི་ ཉེན་སྲུང་དོན་ལུ་ མཐུན་རྐྱེན་ཡོད་པའི་ ཟུར་བཞག་ཁང་ཚུ་ནང་ ཟུར་བཞག་ནི་ལུ་ གཙོ་རིམ་བཟུང་མི་དང་བསྟུན་ སྤྱིར་བཏང་མི་མང་གིས་འབད་རུང་ ངོས་ལེན་ཚུལ་མཐུན་འབདཝ་ལས་ ད་ལྟོ་ རྒྱལ་ཁབ་ནང་ ནད་ཡམས་ཁྱབ་སྤེལ་མེད་མི་དེ་ལུ་ སེམས་དགའ་དགོ་པའི་ གཞི་གནད་ཅིག་ཨིན།
ཟུར་བཞག་ཁང་ཚུ་ནང་ལས་ དུས་ཡུན་ཚང་སྟེ་ ཐོན་འོང་མི་ཚུ་གིས་ སྤྱིར་བཏང་མི་མང་གི་ ཕན་ཐབས་དོན་ལུ་ ཁོང་ར་ ཟུར་བཞག་ཁང་ནང་ སྡོད་པའི་སྐབས་ཀྱི་ལོ་རྒྱུས་ཚུ་ ཁ་གསལ་སྦེ་ བཤད་བྱིན་མི་དེ་གིས་ ཕན་ཐོགས་བྱུང་སྟེ་ཡོདཔ་ད་ དེ་ཡང་ ག་འཆརཔ་ཟེར་བ་ཅིན་ མི་ལ་ལོ་ཅིག་གིས་ ཟུར་བཞག་ཁང་ཟེརཝ་ད་ ནད་ཡམས་ཐོབ་ཡོད་པའི་སྣང་བ་དང་ དོ་དམ་ཁང་ནང་ བཙུགས་བཞག་དོ་བཟུམ་མའི་ ཚོར་སྣང་བྱུང་ནི་དེ་གིས་ཨིན།
མ་གཞི་ ཟུར་བཞག་ཁང་ལུ་བརྟེན་ རྒྱལ་ཁབ་ལེ་ཤ་ཅིག་ནང་ ནད་ཡམས་ཁྱབ་སྤེལ་འགྱོ་ནི་ལས་ སྔོན་འགོག་འབད་ཚུགས་པའི་ ཕན་ཁྱད་བྱུང་སྟེ་འདུག།

About admin

Check Also

སྤྱི་ཟླ་༦ པའི་ནང་ བདེན་མཆིས་རྫོང་ གསར་བཞེངས་ཀྱི་ལཱ་ ཡོངས་རྫོགས་མཇུག་བསྡུ་ནི།

༉ པདྨ་དགའ་ཚལ་ བདེན་མཆིས་རྫོང་ གསར་བཞེངས་འབད་ནི་ འགོ་བཙུགས་ཏེ་ ལོ་༥ དེ་ཅིག་གི་རྒྱབ་ལས་ ད་རིས་ཀྱི་ཟླཝ་ནང་ བསྒྲུབ་ནི་ཨིན་པས། དེ་ཡང་ དབུ་རྩེ་མ་གཏོགས་ བཟོ་བཀོད་གཞན་ཚུ་ལུ་ ཚོན་བཏང་ཚར་ཡོདཔ་མ་ཚད་ རྫོང་ནང་ན་ཡིག་ཚང་ཚུ་ གཞི་བཙུགས་འབད་ནིའི་དོན་ལུ་ …

Leave a Reply

Your email address will not be published. Required fields are marked *