ལྷུན་རྩེ་ ཟངས་མཁར་སློབ་གྲྭ་ཆུང་བ་གིས་ ཤེས་ཡོན་དུས་སྟོན་ཐེངས་༢ པ་ བརྩི་སྲུང་འབད་བའི་སྐབས་ སློབ་ཕྲུག་ཚུ་གིས་ ཤོག་ཁྲམ་༡༠༨ འབད་མི་ ལྷབ་སྦྱང་མཁོ་ཆས་ཚུ་ གསལ་སྟོན་འབད་བའི་བསྒང་།

ཟངས་མཁར་སློབ་གྲྭ་ཆུང་བ་གིས་ ཤེས་ཡོན་དུས་སྟོན་ བརྩི་སྲུང་འབད་ཡོདཔ།

༉ འདས་པའི་བདུན་མཐའ་ལུ་ ལྷུན་རྩེ་རྫོང་ཁག་ནང་ སློབ་གྲྭ་རྙིང་ཤོས་ཅིག་ཨིན་མི་ རྒྱ་རེད་རྒེད་འོག་གི་ ཟངས་མཁར་སློབ་གྲྭ་ཆུང་བ་གིས་ ང་བཅས་རའི་ ལཱ་འབད་ཐངས་དང་ ཤེས་ཡོན་ལྷབ་སྦྱང་འབད་ཐངས་ བསྐྱར་བཅོས་འབད་དགོཔ་ཟེར་བའི་ བརྗོད་དོན་གུ་ གཞི་བཞག་སྟེ་ སློབ་གྲྭའི་ཤེས་ཡོན་དུས་སྟོན་ བརྩི་སྲུང་འབད་ཡོདཔ་ཨིན་པས།
ཉིནམ་༡ གི་ལས་རིམ་དེ་ནང་ སློབ་གྲྭའི་ལས་བྱེདཔ་ཚུ་དང་ སློབ་ཕྲུག་ རྒེད་འོག་བདག་སྐྱོང་ལས་བྱེདཔ་དང་ ཞི་གཡོགཔ་ ཕམ་དང་མི་སྡེ་ཚུ་གིས་ བཅའ་མར་གཏོགས་ཡོདཔ་ད་ ཉིནམ་དེ་ཡང་ དྲོ་པ་དཀར་མེ་དང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཞབས་བརྟན་ཕུལ་ཏེ་ འགོ་བཙུགས་ཡོདཔ་ཨིན་པས།
ལས་རིམ་དེ་ནང་ ལྷུན་རྩེ་རྫོང་ཁག་ཚོགས་འདུའི་ཁྲི་འཛིན་ རྒྱ་རེད་རྒཔོ་ ཀུན་བཟང་མིན་འགྱུར་གྱིས་ སྐུ་མགྲོན་གཙོ་བོ་སྦེ་ གྲལ་གཏོགས་འབད་ཡི།
ལས་རིམ་དེ་ནང་ བཅའ་མར་གཏོགས་མི་ཚུ་གིས་ བློ་གསར་སློབ་རིམ་ལས་ སློབ་རིམ་༦ པ་ཚུན་གྱི་ སློབ་ཁང་ས་ཁོངས་ཚུ་ནང་ ལྟ་སྐོར་འབད་ཞིནམ་ལས་ སློབ་ཕྲུག་ཚུ་གིས་ ཤོག་ཁྲམ་༡༠༨ གསལ་སྟོན་འབདཝ་དང་གཅིག་ཁར་ རྒྱས་ཞིང་རྒྱསཔ་སྦེ་ སྤྱན་འབུལ་ཕུལ་མི་ ལྷབ་སྦྱང་མཁོ་ཆས་ཚུ་ལུ་ ཉན་ཞིནམ་ལས་ དྲི་བ་དྲིས་ལན་ཚུ་འབད་ཡི།
གསལ་སྟོན་འབད་མི་ མཁོ་ཆས་ཚུ་ཡང་ དཔྱེ་གཏམ་དང་ ཁྲོམ་དང་གཙུག་སྡེའི་དཔེ་གཟུགས་ ཨང་ཡིག་ གསལ་བྱེད་ཡི་གུ་ ཅ་ཆས་དང་སེམས་ཅན་ དེ་ལས་ བཞེས་སྒོ་ཚུ་གི་པར་དང་མིང་ དབྱིབས་ཀྱི་མིང་ལ་སོགས་པ་ཚུ་ཨིན་པས།
སློབ་གྲྭའི་དབུ་འཛིན་ འཆི་མེད་རིག་འཛིན་གྱིས་ སླབ་མིའི་ནང་ འགྲེམས་སྟོན་དེ་ཡང་ སློབ་གྲྭ་ནང་ སློབ་ཕྲུག་ཚུ་གིས་ ལོ་༡ གི་རིང་ ལྷབ་སྦྱང་འབད་མི་ཡོངས་རྫོགས་ཨིནམ་ད་ དུས་སྟོན་བརྩི་སྲུང་འབད་དགོ་པའི་ དམིགས་ཡུལ་ཚུ་ཡང་ སློབ་ཕྲུག་ཚུ་དང་ བཅའ་མར་གཏོགས་མི་ཚུ་གི་ ཤེས་ཡོན་དང་རིག་རྩལ་གོང་འཕེལ་གཏང་ནི་ རང་གིས་རང་ལུ་ བློ་གཏད་བསྐྱེད་བཅུག་ནི་ སློབ་ཕྲུག་ཚུ་ལུ་ མཉམ་འབྲེལ་དང་ མི་མང་ལུ་གསལ་བཤད་འབད་ནིའི་ བློ་སྤོབས་ཡར་སེང་འབད་ནི་ ཨ་ལུ་ཚུ་ལུ་ ལོ་༡ ནང་ལྷབ་སྦྱང་འབད་མི་ཤེས་ཡོན་དང་ གསར་གཏོད་འབད་མི་ཚུ་ གསལ་སྟོན་འབད་སའི་ས་གོ་བཟོ་ཐོག་ལས་ སྤྱིར་བཏང་སློབ་ཕྲུག་ཚུ་གི་ ཤེས་ཡོན་ཡར་དྲག་གཏང་ནི་ལུ་ དམིགས་ཏེ་ཨིན་ཟེར་ཨིན་པས།
ཁོ་གིས་ བཤད་མིའི་ནང་ དུས་སྟོན་ཐེངས་དང་པ་དེ་ ན་ཧིང་ སྤྱི་ཟླ་༡༠ པ་ལས་ འགོ་བཙུགས་ཡོདཔ་བཞིན་དུ་ ད་ལས་ཕར་ ལོ་བསྟར་གྱི་ ལས་རིམ་ཅིག་སྦེ་ འགོ་འདྲེན་འཐབ་ནི་ཟེར་ཨིན་པས།
སྤྱི་ལོ་༡༩༦༠ རེ་གྲངས་ལུ་ གཞི་བཙུགས་འབད་མི་ ཟངས་མཁར་སློབ་གྲྭ་ཆུང་བ་དེ་ ཀུར་སྟོད་ལུང་ཕྱོགས་ནང་ རྙིང་ཤོས་ཅིག་ཨིནམ་བཞིན་དུ་ གཞི་བཙུགས་འབད་དེ་ ལོ་ངོ་༥༨ ལང་ཡོདཔ་ཨིན་པས།
སློབ་གྲྭ་ཆུང་བ་དེ་གིས་ སྤྱི་ལོ་༢༠༡༤ ལས་འགོ་བཙུགས་ ཆུང་རིམ་སློབ་གྲྭའི་དབྱེ་རིམ་ནང་ ལོ་༣ གྱི་རིང་ རྒྱུན་མ་ཆད་པར་ སོ་ནམ་ནང་ སློབ་གྲྭ་དྲག་ཤོས་ཀྱི་ གསོལ་རས་ཐོབ་ཡོདཔ་ད་ སྤྱི་ལོ་༢༠༡༧ དང་༢༠༡༨ ལུ་ རྒྱལ་ཡོངས་ཀྱི་གནས་ཚད་ནང་ སོ་ནམ་དཔེ་སྟོན་ཅན་གྱི་ སློབ་གྲྭ་དྲག་ཤོས་ཀྱི་ གསོལ་རས་ཐོབ་ཡོདཔ་མ་ཚད་ སྤྱི་ལོ་༢༠༡༩ ལུ་ རྒྱལ་ཁབ་ནང་འཁོད་ཀྱི་ འབྲིང་རིམ་སློབ་གྲྭ་ཚུ་དང་གཅིག་ཁར་ དོ་འགྲན་འབད་བའི་སྐབས་ལུ་ཡང་ སོ་ནམ་དཔེ་སྟོན་སློབ་གྲྭ་དྲག་ཤོས་སྦེ་ ངོས་འཛིན་འབད་ཡོདཔ་ཨིན་པས།
ཟངས་མཁར་སློབ་གྲྭ་ཆུང་བ་དེ་ གཱོར་གཱན་ལས་ སྣུམ་འཁོར་ནང་ དུས་ཡུན་སྐར་མ་༣༠ དང་༤༥ གི་བར་ན་ འགོར་དོ་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། ལྷུན་རྩེ།

About admin

Check Also

གནས་ཚུལ་མདོར་བསྡུས།

སྤྱི་ཟླ་༡༡ པའི་ཚེས་༧ ལུ་ ཐིམ་ཕུག་བདེ་ཆེན་ཕུག་གི་ ལོ་བསྟར་ཚེས་བཅུ་ འགོ་འདྲེན་འཐབ་པའི་སྐབས་ དད་ཅན་བརྒྱ་ལས་བཅད་དེ་ འཛོམས་མི་ཚུ་ལུ་ ཞྭ་ནག་རྔ་འཆམ་དང་ དགེ་བསྙེན་སྐུ་འཆམ་ ཤ་རྫམ་ རྔ་འཆམ་ཚུ་ མཇལ་ཁ་གནང་ཡོདཔ་བཞིན་དུ་ ལོ་བསྟར་ཚེས་བཅུ་དེ་ སྤྱི་ལོ་༢༠༠༣ …

Leave a Reply

Your email address will not be published. Required fields are marked *