ཁྲིམས་སྲུང་འགག་པ་དང་ བདེ་སྲུངཔ་ དེ་ལས་ ས་གནས་ཀྱི་ ཁས་བླངས་པ་ཚུ་གིས་ རྐྱེན་ངན་བྱུང་སའི་ ས་གོ་སེལ་བའི་བསྒང་།

ཞིང་ལམ་སེལ་སར་ ས་རུད་ཀྱིས་ཨེབ་སྟེ་ ཤི་རྐྱེན་བྱུང་མི་ ལས་མི་༣ ཆ་རའི་ཕུངམ་ཐོབ་ཡོདཔ།

༉ ཁ་ཙ་ཉིན་མའི་ཆུ་ཚོད་༡ དེ་ཅིག་ཁར་ བསམ་གྲུབ་ལྗོངས་མཁར་གྱི་ ཁྲིམས་སྲུང་འགག་པ་དང་ བདེ་སྲུངཔ་ དེ་ལས་ ཨོ་རོང་རྒེད་འོག་གི་ མི་སེར་ཚུ་གིས་ ས་གནས་ཤིང་མཁར་སྟོད་ལུ་ ལམ་སེལ་ལས་མིའི་ཕུངམ་༢ ས་རོ་རྡོ་རོའི་འོག་ལས་བཏོན་ཡི།
རྐྱེན་ངན་དེ་ཡང་ སྤྱི་ཟླ་༧ པའི་ཚེས་༡༡ ལུ་ ཕྱི་རུའི་ཆུ་ཚོད་༤.༢༠ དེ་ཅིག་ཁར་ ཨ་རོང་རྒེད་འོག་ ཕི་ལུ་མའི་ཞིང་ལམ་སེལ་སར་ ས་རུད་ཆད་འོངམ་ད་ ལས་མི་ཕོ་སྐྱེས་༣ འཕྱགས་བདའ་ཡོད་མི་ལས་ ཕོ་སྐྱེས་༡ གི་ཕུངམ་དེ་ དེ་ཚེ་ར་ བཏོན་ཚུགས་ཡོད་རུང་ ལས་མི་གཞན་༢ ས་གིས་ཨེབ་དཔ་ལས་ བཏོན་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
ས་གནས་གཞུང་གི་ འགོ་ཁྲིདཔ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ བྱུང་རྐྱེན་གྱི་སྐབས་ ཚེ་འདས་ཕོ་སྐྱེས་༣ དེ་ ས་གནས་དེ་ཁར་ ལཱ་འབད་སྡོད་ཡོདཔ་ལས་ ཧང་སྟོང་མར་ ལམ་གྱི་ལྟག་ལས་ ས་རུད་ཆད་འོངམ་ད་ ཁོང་༣ ཆ་ར་ འཕྱགས་བདའ་མཆིས་ནུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཞིང་ལམ་དེ་ བྱག་གི་སྐེད་པ་བཏོགས་ཏེ་ སེལ་དགོཔ་ལས་ ཉིན་མའི་ཆུ་ཚོད་༢ དེ་ཅིག་ཁར་ རྡོ་རྫས་ལག་ལེན་འཐབ་སྟེ་ ས་བརྐོ་འཕྲུལ་ཆས་ ཨེསི་ཀེ་བེ་ཊར་གྱིས་ ས་རོ་རྡོ་རོ་ཚུ་ སེལ་ཡོདཔ་ཨིན་རུང་ ད་རུང་ རྡོ་རྫས་བཀལ་ནིའི་དོན་ལུ་ གདོང་སྤེད་པའི་སྐབས་ ཡར་ལས་མར་ རྡོ་བུད་འོང་སར་ ས་བརྐོ་འཕྲུལ་ཆས་ཀྱི་ དེད་གཡོགཔ་གིས་ མཐོང་ནུག་ཟེར་ཨིན་པས།
དེ་ལས་ དེད་གཡོགཔ་དེ་གིས་ ཚེ་འདས་ཕོ་སྐྱེས་༣ ལུ་ ཡར་ལས་མར་ རྡོ་བུད་འོང་དེས་ཟེར་ ག་དེམ་ཅིག་ སྐད་རྐྱབ་རུང་ འཕྲུལ་ཆས་དང་ ཆུའི་སྐད་ལུ་བརྟེན་ མ་གོཝ་ལས་ དེ་ཅིག་གི་བར་ན་ ས་རུད་ཀྱིས་ འཕྱགས་བདའ་ནུག་ཟེར་ཨིན་པས།
འགོ་ཁྲིདཔ་གིས་ སླབ་མིའི་ནང་ རྐྱེན་ངན་བྱུང་སའི་ བྱག་གི་རྡོ་དེ་ཚུ་ སྲ་ཀྲག་མེད་པའི་ཁར་ ཆུ་ཡང་ལེ་ཤ་སིམ་ཡོདཔ་མ་ཚད་ རྡོ་རྫས་ལག་ལེན་འཐབ་མི་དེ་གིས་ ལྷག་པར་དུ་ གག་གྲམ་ཐོན་ཏེ་ ས་ཚུ་ཡང་ འཇམ་སམ་བཟོ་བའི་གུ་ འཕྲུལ་ཆས་ཀྱིས་སྦེ་ བྱག་གུ་གདོང་སྤེདཔ་ད་ རྡོ་གསིག་མི་ལུ་བརྟེན་ ས་རུད་ཆད་ཡོད་པའི་ དོགས་པ་ཡོད་ཟེར་ཨིན་པས།
སྐྱེས་ལོ་༣༠ དང་༣༧ ལང་མི་ ཚེ་འདས་ཕོ་སྐྱེས་༢ བསམ་གྲུབ་ལྗོངས་མཁར་སྒོམ་དར་དང་ སྐྱེས་ལོ་༦༠ འབད་མི་ ཚེ་འདས་དེ་ བཀྲིས་སྒང་ལས་ཨིནམ་ད་ ཁོང་གི་ཕུངམ་ཚུ་ ཁ་ཙ་ ཕམ་སྤུན་ཆ་ཚུ་ལུ་ རྩིས་སྤྲོད་ཡོདཔ་བཞིན་དུ་ རྫོང་ཁག་སྐྱིད་སྡུག་ཡིག་ཚང་གིས་ འབྲུག་མངའ་བདག་རྒྱལ་པོའི་ སེམས་གསོ་ཡང་ རྩིས་སྤྲོད་ཡོད་པའི་གནས་ཚུལ།

ཨོ་རོང་ལས་ སྐལ་བཟང་དབང་ཕྱུག།

 

About admin

Check Also

བསམ་རྩེ་རྫོང་ཁག་ནང་ ཚོགས་རྒྱན་བཙུགས་མི་ ཉུང་སུ་ཅིག་ཨིནམ།

༉ བསམ་རྩེ་རྫོང་ཁག་ནང་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་མི་༤༧,༣༦༠ ཡོད་ས་ལས་ བརྒྱ་ཆ་༦༠.༣ གྱིས་ འགོ་ཐོག་བཙག་འཐུ་ནང་ ཚོགས་རྒྱན་བཙུགས་པར་འོང་མི་དེ་ གྱངས་ཁ་ཉུང་སུ་ཨིནམ་ད་ དེ་ཡང་ ཚོགས་རྒྱན་བཙུགས་མི་ཡོངས་བསྡོམས་ལས་༢༨,༥༦༨ རྐྱངམ་གཅིག་གིས་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས། རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དང་ཕྱདཔ་ད་ …

Leave a Reply

Your email address will not be published. Required fields are marked *