ཞི་གཡོགཔ་ཚུ་ ཁྱིམ་ནང་ལས་ ལཱ་འབད་ནི་ མཚམས་འཇོག་འབད་ཡོདཔ།

༉ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ སློབ་གྲྭ་ཆུང་བའི་ནང་ འཛུལ་བཞུགས་འབད་མི་ ཨ་ལོའི་ཕམ་ཚུ་ལུ་ དུས་ཡངས་ཐོག་ལས་ ལཱ་འབད་བཅུག་དགོཔ་སྦེ་ འབྲེལ་ཡོད་ལས་སྡེ་ཚུ་ལུ་ ཡི་གུ་བཏང་ནུག།
ཡི་གུ་དེ་ཡང་ སྤྱི་ཟླ་༦ པའི་ཚེས་༡༩ ལུ་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ སྔར་ག་ཨིནམ་སྦེ་ གནས་སྟངས་གསརཔ་ འགོ་བཙུགས་ནིའི་དོན་ལུ་ གོ་རིམ་དང་པའི་ནང་ གཞུང་གི་ཡིག་ཚང་དང་ ལས་འཛིན་ དེ་ལས་ མཐུན་ཕྱོགས་ལས་སྡེ་ག་ར་ལུ་ ཁྱིམ་ནང་ལས་ ལཱ་འབད་ནི་དེ་ གཞུང་འབྲེལ་ཐོག་ མཚམས་འཇོག་འབད་དགོཔ་ཨིན་རུང་ ལྷན་ཚོགས་ཀྱིས་ དགོས་མཁོ་དང་འཁྲིལ་ དམིགས་བསལ་ཅན་ཚུ་ལུ་ ངོས་ལེན་འབད་དགོཔ་སྦེ་ གསལ་བསྒྲགས་འབད་བའི་ཤུལ་ལས་ བཏང་ཡོདཔ་ཨིན་པས།
འབྲེལ་ཡོད་ལས་སྡེ་ཚུ་གིས་ ལཱ་ག་དེ་སྦེ་ འབད་ནི་ཨིན་ན་ འོས་ལྡན་གྱི་ ལམ་ལུགས་ཅིག་ བཟོ་དགོཔ་ད་ དེ་ཡང་ མི་མང་གི་ ཞབས་ཏོག་བྱིན་ནི་ལུ་ བར་ཆད་མེད་པར་ ངེས་བརྟན་བཟོ་ཐབས་ལུ་ ཚབས་ཆེན་གྱི་ ཞབས་ཏོག་ལུ་ གཞི་བཞག་སྟེ་ ཐག་བཅད་དགོ་ཟེར་ སྤྱི་ཟླ་༦ པའི་ཚེས་༢༣ ལུ་ ལྷན་ཚོགས་ཀྱི་ཁྲི་འཛིན་ ཀརྨ་ལྷ་མོ་རྡོ་རྗེ་གིས་བཏང་མི་ ཡི་གུ་ནང་ གསལ་བཀོད་འབད་ནུག།
ཡི་གུ་དང་འཁྲིལ་བ་ཅིན་ ལས་སྡེ་ཚུ་གིས་ ཨ་ལོ་སྐྱེས་ལོ་༡ འོག་རྒྱུ་འབད་མི་ སྐྱེས་མ་ཚུ་ རང་སོའི་ཁྱིམ་ནང་ལས་ ལཱའ་འབད་ནི་ལུ་ ངོས་ལེན་འབད་དགོ་ཟེར་ཨིན་པས།
སློབ་གྲྭ་ཆུང་བའི་ནང་ དཔེ་ཆ་ལྷབ་སྡོད་མི་ ཨ་ལོ་༢ ཀྱི་ཨའི་ ཞི་གཡོགཔ་པདྨ་གིས་ སླབ་མིའི་ནང་ མོ་ར་ ལཱ་འབད་བར་ འགྱོ་བའི་སྐབས་ ཨ་ལོ་ཚུ་ ནུམོ་འབད་སར་ བཞག་དོ་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ སློབ་གྲྭ་ཚུ་ སྒོ་མ་ཕྱེ་མི་ལུ་བརྟེན་ ཨ་ལོ་ཚུ་གི་ ཤེས་ཡོན་ལུ་ ཐོ་ཕོག་པའི་སྐབས་ བདག་འཛིན་འབད་མི་མེད་པའི་ གདོང་ལེན་བྱུངམ་མས་ཟེར་ཨིན་པས།
ལཱ་འབད་མི་ ཕམ་མང་ཤོས་ར་ སློབ་གྲྭ་དེ་ སྒོ་བསྡམས་བཞག་ཡོདཔ་ལས་ ཨ་ལོ་ཚུ་ ག་ཏེ་བཞག་ནི་ཨིན་ན་ མ་ཤེས་པར་ མགུ་འཐོམ་ཏེ་ཡོད་པའི་ཁར་ ནད་ཡམས་དེ་ ནམ་ཞི་ནི་ཨིན་ན་ མ་ཤེས་པར་ ཞི་གཡོགཔ་ཨམ་སྲུ་ལ་ལོ་ཅིག་ དམིགས་བསལ་གྱི་ ངལ་གསོ་ལེན་ཏེ་ སྡོད་ནི་གི་ ལོ་རྒྱུས་ཡང་ གོཝ་ཨིན་པས།
ཨིན་རུང་ ལ་ལོ་ཅིག་གིས་ སླབ་མིའི་ནང་ ཁྱིམ་ནང་ལས་ ལཱ་འབད་བའི་སྐབས་ མི་མང་ལུ་ ཞབས་ཏོག་བྱི་ནི་ལུ་ ཐོ་ཕོག་ཡོདཔ་མ་ཚད་ ཡིག་ཚང་ནང་ ལཱ་འབད་མི་ཚུ་ ལས་སྣ་ལེ་ཤ་འབད་དགོ་པའི་ ཨུ་ཚུགས་བྱུང་ནུག་ཟེར་ཨིན་པས།
སྒེར་སྡེ་ཅིག་ནང་ ལཱ་འབད་མི་ ལས་བྱེདཔ་ཅིག་གིས་འབད་བ་ཅིན་ ཞི་གཡོགཔ་ཚུ་ ཁྱིམ་ནང་ལས་ ལཱ་འབད་བའི་སྐབས་ ཉིནམ་༡ ནང་ཐོབ་པའི་ ཞབས་ཏོག་དེ་ ཉིནམ་༣ དེ་རེ་ འགོར་དོ་ཡོདཔ་ལས་ ད་རེས་ ཞི་གཡོགཔ་ཚུ་ ཡིག་ཚང་ལས་འབད་དགོཔ་ བཟོ་མི་ལུ་བརྟེན་ ཞབས་ཏོག་ཚུ་ དུས་ཚོད་ཁར་ ཐོབ་ཚུགས་ནི་མས་ཟེར་ཨིན་པས།
འབྲུག་གླ་འཁོར་ཚོགས་སྡེའི་ཁྲི་འཛིན་ རིག་འཛིན་དབང་ཕྱུག་གིས་ སླབ་མིའི་ནང་ ཆོག་ཐམ་ཚུ་ ཡོངས་འབྲེལ་ཐོག་ལས་ བསྐྱར་གསོ་འབད་བའི་སྐབས་ གདོང་ལེན་བྱུང་དོ་ཡོདཔ་ལས་ ངོ་རྐྱང་ཐོག་ལས་ ཡིག་ཚང་ནང་འགྱོ་བའི་སྐབས་ སྟབས་བདེ་བས་ཟེར་ཨིན་པས།
ཡི་གུ་ནང་ འབྲེལ་ཡོད་ལས་སྡེ་ཚུ་གིས་ གསོ་བ་ལྷན་ཁག་གིས་ ཀོ་བིཌ-༡༩ བཀག་ཐབས་ལུ་ ཉེན་སྲུང་གི་ ཐབས་ཤེས་བཟོ་མི་དེ་ བཏོན་དགོཔ་ད་ ཞལ་འཛོམས་དང་ སྦྱོང་བརྡར་ལ་སོགས་པ་ཚུ་ འབད་བའི་སྐབས་ ག་དེ་དྲག་དྲག་ གཅིག་གིས་གཅིག་ལུ་ ས་སྟོང་བཞག་ནི་ལུ་ ངོས་ལེན་འབད་དགོ་ཟེར་ བཀོད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཝམ་རོང་གི་ འཐབ་རྩོད་ནང་ མི་༣ ལུ་ ཉེས་འཛུགས་འབད་ཡོདཔ།

༉ བཀྲིས་སྒང་ཝམ་རོང་ལུ་ སྤྱི་ཟླ་༤ པའི་ཚེས་༢༦ ལུ་ འཐབ་འཛིང་བྱུང་མི་དེ་ནང་ དྲང་དཔོན་གྱི་ཨམ་དང་ ཕྱགས་བདར་བའི་གནས་ཚང་ དེ་ལས་ སློབ་ཕྲུག་བུཚ་ཅིག་ལུ་ ཉེས་འཛུགས་འབད་བའི་ སྣ་ཚོགས་སྙན་གསན་དེ་ ཁ་ཙ་ ཝམ་རོང་དྲུང་ཁག་ཁྲིམས་ཀྱི་འདུན་སར་ ངང་ལམ་དྲུང་ཁག་ཁྲིམས་འདུན་གྱི་ …

Leave a Reply

Your email address will not be published. Required fields are marked *