ཞབས་ཏོག་ལྷན་ཁག་གིས་ འཁོར་ལམ་ཚུ་ ལེགས་བཅོས་འབད་ནི།

༉ ཞབས་ཏོག་ལྷན་ཁག་གིས་ རྩིས་ལོ་༢༠༡༩-༢༠ ནང་ རྒྱུན་སྐྱོང་འཆར་དངུལ་ མང་ཤོས་ཅིག་ རྒྱལ་ཁབ་ནང་འཁོད་ཀྱི་ འཁོར་ལམ་ལེགས་བཅོས་དང་ རྒྱུན་བརྟན་བཟོ་ནིའི་དོན་ལས་ བགོ་བཀྲམ་འབད་དེ་ ཡོདཔ་ཨིན་པས།
ལས་སྣ་དེ་ཡང་ རྩིས་ལོ་དེ་ནང་གི་ ལོ་བསྟར་གཞུང་སྐྱོང་མཆོག་འགྱུར་གྱི་ དམིགས་གཏད་གཙོ་ཅན་ ལེ་ཤ་ཡོད་མིའི་གྲས་ལས་ གཅིག་ཨིནམ་ད་ ད་ལྟོ་ འཆར་དངུལ་ཡོངས་བསྡོམས་ས་ཡ་༢,༥༥༥.༦༢༣ ལས་ དངུལ་ཀྲམ་ས་ཡ་༡,༧༤༡.༤ བགོ་བཀྲམ་འབད་ནུག།
སྤྱི་ཟླ་༨ པའི་ཚེས་༧ ལུ་ གཞུང་སྐྱོང་མཆོག་འགྱུར་གྱི་ ལས་འབྲེལ་སྐྱར་ཞིབ་འབད་བའི་སྐབས་ བློན་ཆེན་གྱིས་ གྲོས་འཆར་ བཀོད་མི་ཚུ་ མཉམ་སྡེབ་འབད་དེ་ ཁ་ཙ་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་དང་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་༢ ཀྱི་བར་ན་ གཞུང་སྐྱོང་མཆོག་འགྱུར་གྱི་ ཆིངས་ཡིག་གུ་ མཚན་རྟགས་བཀོད་པའི་ཤུལ་ལས་ ལྷན་ཁག་གི་ དྲུང་ཆེན་དང་ ལས་ཁུངས་ཁག་གི་ མདོ་ཆེན་ཚུ་གི་བར་ན་ཡང་ མཚན་རྟགས་བཀོད་ཅི།
ལྷན་ཁག་གིས་ འཆར་གཞི་༡༡ པའི་ནང་ འཁོར་ལམ་དང་ གཞི་རྟེན་མཐུན་རྐྱེན་ཚུ་ རྐྱབ་ནི་གི་ བརྩོན་ཤུགས་བསྐྱེད་ཡོད་རུང་ འཆར་གཞི་༡༢ པའི་ནང་ ད་རེས་ འཁོར་ལམ་ཚུ་ སྐྱེལ་འདྲེན་གྱི་དོན་ལས་ སྟབས་བདེ་དྲགས་དང་ སྒྲིང་སྒྲི་བཟོ་ནི་ལུ་ གཙོ་བོར་བཏོན་ཏེ་འདུག།
ཞབས་ཏོག་བློན་པོ་གིས་ བཤད་མིའི་ནང་ ལྷན་ཁག་གིས ད་ལྟོའི་འཁོར་ལམ་ཚུ་ རྩི་ནག་གཏང་ནི་དང་ ཉམས་བཅོས་འབད་ཐོག་ལས་ ལེགས་བཅོས་འབད་ནི་གིས་ མ་ཚད་པར་ རྩིས་ལོ་དེ་ནང་ རྒྱལ་ཡོངས་ཀྱི་ གཞུང་ལམ་དང་ བཟོ་གྲྭ་འཁོར་ལམ་ཚུ་ དོ་འབག་ནིའི་ནུས་ཤུགས་ ཡར་སེང་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་ནི་ཟེར་ཨིན་པས།


དེ་ཡང་ རྡོ་སྒྲིག་དང་ ཟམ་རྙིངམ་ཚུ་ ཚབ་རྐྱབ་ཐོག་ལས་ ལྗིད་ཚད་མེ་ཊིག་ཊཱན་༡༨ ལས་༣༠/༥༠ གི་བར་ན་ ཡར་སེང་འབད་འོང་ཟེར་ ཞབས་ཏོག་བློན་པོ་གིས་ བཤད་པའི་ཁར་ གནམ་གཤིས་གནས་སྟངས་ལས་ བཀག་ཚུགས་པའི་ འཁོར་ལམ་རྐྱབ་ནི་གི་ བཟོ་བཀོད་དང་ བཟོ་སྐྲུན་གྱི་ ལམ་སྟོན་བཟོ་ནི་ བཟོ་སྐྲུན་ལས་སྡེ་ཚུ་ ཁྱད་རིག་ཅན་ བཟོ་ནི་ལུ་ གཙོ་རིམ་བཟུང་ནི་ཟེར་བཤད་ཅི།
ཁོ་གིས་འབད་བ་ཅིན་ འཐུང་ཆུ་གི་ དམིགས་བསལ་ལས་རིམ་ཚུ་ རྫོང་ཁག་དང་ ཁྲོམ་སྡེ་ཚུ་དང་ མཉམ་འབྲེལ་ཐོག་ལས་ ལག་ལེན་འཐབ་ནི་ལུ་ ལྷན་ཁག་དེ་ ལས་སྡེ་གཙོ་ཅིག་ཅན་ཨིནམ་ལས་ ད་རེས་ ལས་སྣ་དེ་ལུ་ ལཱ་འབད་བའི་བསྒང་ཡོད་ཟེར་ཨིནམ་ད་ ལས་རིམ་དེ་ནང་ དངུལ་ཀྲམ་ས་ཡ་༡༣.༥༠ བགོ་བཀྲམ་འབད་ནུག།
རྒྱལ་ཁབ་འདི་ ས་ཡོམ་རྐྱབ་ཉེན་ཡོད་པའི་ ས་གོ་ཅིག་ནང་ ཆགས་ཏེ་ཡོདཔ་ལས་ ང་བཅས་རའི་ གཞི་རྟེན་ཚུ་ ས་ཡོམ་ལས་ བཀག་ཚུགས་མི་ཚུགས་ བརྟག་ཞིབ་འབད་ཐོག་ སྒྲིང་ཁྱིམ་ཚུ་གི་ གནས་ཚད་དང་ ལམ་སྟོན་ཚུ་ བཟོ་ནི་ལུ་ དམིགས་གཏད་བཀོད་དེ་ཡོད་ཟེར་ ཞབས་ཏོག་བློན་པོ་གིས་ བཤད་ཅི།
དེ་ལས་ རྩིས་ལོ་འདི་ནང་ ལྷན་ཁག་གིས་ བསོད་ནམས་ཐང་དང་ ལྷུན་རྩེ་གི་དོན་ལུ་ གཞི་རྟེན་དང་ ས་གནས་ས་ཁོངས་ དེ་ལས་ དང་ལེན་ས་གོ་འཆར་གཞི་ཚུ་ གྲ་སྒྲིག་འབད་ནིའི་ འཆར་གཞི་ཡོདཔ་བཞིན་དུ་ རང་ལུགས་ཀྱི་ཁྱིམ་ཚུ་ ཉམས་སྲུང་དང་ ཡར་དྲག་གཏང་ནིའི་དོན་ལུ་ མགར་ས་ལ་ཡ་ལུ་ གཞན་དང་མ་འདྲ་བའི་ རང་ལུགས་ཀྱི་ ཁྱིམ་ཚུ་གི་སྐོར་ལས་ བརྟག་ཞིབ་འབད་ནི་ཨིན་པས།
རྩིས་ལོ་༢༠༡༩-༢༠ ནང་ དམིགས་གཏད་༡༨ དང་ ངེས་པར་བརྡ་སྟོན་༤ དེ་ལས་ དམིགས་བསལ་ལས་རིམ་༡ བརྩིས་ཏེ་ གྲུབ་འབྲས་བརྡ་སྟོན་༢༣ ངོས་འཛིན་འབད་དེ་ཡོདཔ་ཨིན་པས།
མ་དངུལ་ཡོངས་བསྡོམས་ལས་ དངུལ་ཀྲམ་ས་ཡ་༧༨༢.༤༢ དེ་ བཟོ་སྐྲུན་ལས་སྡེ་ ལེགས་ལྡན་བཟོ་ནི་དང་ གཞིས་ཆགས་ཡུན་བརྟན་ལྷན་ཐབས་ཀྱི་དོན་ལུ་ དངུལ་ཀྲམ་ས་ཡ་༢༤.༡༥༠ དེ་ལས་ མདོ་ཆེན་ཞབས་ཏོག་ལུ་ དངུལ་ཀྲམ་ས་ཡ་༧.༨ བགོ་བཀྲམ་འབད་ནུག།
ལྷན་ཁག་གི་དྲུང་ཆེན་ བཙན་སྐྱོགས་རྡོ་རྗེ་གིས་ ཞུ་མིའི་ནང་ ལྷན་ཁག་གི་ དམིགས་གཏད་དང་པ་དེ་ འཁོར་ལམ་ཚུ་ ལེགས་བཅོས་འབད་ནི་དང་ གནམ་གཤིས་གནས་སྟངས་ལས་ བཀག་ཚུགསཔ་བཟོ་ནི་ཟེར་ཨིན་པས།
བློན་ཆེན་གྱིས་ གསུངས་མིའི་ནང་ སང་ཕོད་ལས ལས་སྣ་ཚུ་ གཙོ་རིམ་སྒྲིག་པའི་ཤུལ་ལས་རྐྱངམ་གཅིག་ འཆར་དངུལ་དེ་ འཚོལ་ཞིབ་དང་ བགོ་བཀྲམ་འབད་ནི་ དེ་ལས་ ལཱ་གི་སྐུགས་ཚད་ཚུ་ཡང་ ལཱ་གི་གལ་ཅན་དང་འཁྲིལ་ཏེ་ བྱིན་ཚུགས་ཟེར་ཨིན་པས།
སྤྱིར་བཏང་ལུ་ སྤྱི་ལོ་༢༠༠༨ ལས་ རྒྱལ་ཁམས་ཀྱི་ གནས་སྟངས་ལུ་ལྟཝ་ད་ བརྩོན་ཤུགས་མང་ཤོས་ར་ སྲིད་དོན་དང་འབྲེལ་བའི་ སྲིད་བྱུས་ཚུ་ནང་ བསྐྱེད་ཡོདཔ་བཞིན་དུ་ མི་སྡེའི་སྲིད་བྱུས་ནང་ལྷོདཔ་ད་ ཁ་གིས་མང་སུ་ཅིག་སླབ་ ལག་ལེན་ཉུང་སུ་ཅིག་ལས་བརྒལ་ མ་འབད་བའི་ ཚོར་སྣང་བྱུང་ཡི་ཟེར་ བློན་ཆེན་གྱིས་ གསུངས་ཡི།
མི་སྡེའི་སྲིད་བྱུས་ཚུ་ནང་ ཁ་གིས་མང་སུ་སླབ་ གྲུབ་འབྲས་ཉུང་སུ་ བཏོན་པའི་བསྒང་ལས་ མི་སྡེའི་ནང་ སྟབས་མ་བདེཝ་ཐོན་ནི་དང་ སེམས་ཁམས་དང་འབྲེལ་བའི་ གནད་དོན་ཐོན་པའི་ཁར་ རང་སྲོག་བཅད་མི་ མང་སུ་ཐོན་མི་དེ་ མཉམ་འབྲེལ་ལེགས་ཤོམ་མེདཔ་ བཟུམ་ཡར་སོ་ནུག་ཟེར་ བློན་ཆེན་གྱིས གསུངས་ཡོད་པའིགནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཀེ་བ་སྦོམ་ཆུང་དང་འཁྲིལ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༩ དང་༢༤ གི་བར་ན་ བཙོང་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ རིན་བསྡུར་ཁང་ནང་ ཀེ་བ་བཙོང་པར་ འབག་འོང་མི་ སོ་ནམ་པ་ཚུ་ སེམས་དགའ་སྟེ་ཡོད་མི་དེ་ཡང་ ད་ལྟོ་ གོང་ཚད་ལེགས་ཤོམ་ཐོབ་ནི་དེ་གིས་ཨིན་པས། ཁ་ཙ་ ཀེ་བ་རིན་བསྡུར་ཐོག་ལས་བཙོངམ་ད་ ཀེ་བ་དམརཔོ་སྦོམ་ ཀེ་ཇི་རེ་གིས་ མཐོ་ཤོས་དངུལ་ཀྲམ་༢༤ …

Leave a Reply

Your email address will not be published. Required fields are marked *