ཝམ་རོང་གི་ འཐབ་རྩོད་ནང་ མི་༣ ལུ་ ཉེས་འཛུགས་འབད་ཡོདཔ།

༉ བཀྲིས་སྒང་ཝམ་རོང་ལུ་ སྤྱི་ཟླ་༤ པའི་ཚེས་༢༦ ལུ་ འཐབ་འཛིང་བྱུང་མི་དེ་ནང་ དྲང་དཔོན་གྱི་ཨམ་དང་ ཕྱགས་བདར་བའི་གནས་ཚང་ དེ་ལས་ སློབ་ཕྲུག་བུཚ་ཅིག་ལུ་ ཉེས་འཛུགས་འབད་བའི་ སྣ་ཚོགས་སྙན་གསན་དེ་ ཁ་ཙ་ ཝམ་རོང་དྲུང་ཁག་ཁྲིམས་ཀྱི་འདུན་སར་ ངང་ལམ་དྲུང་ཁག་ཁྲིམས་འདུན་གྱི་ དྲང་དཔོན་གྱིས་འབད་ཡི།
ཁྲིམས་རྩོདཔ་འམ་ ཉེས་འདོགས་པ་ ཁྲིམས་སྲུང་འགག་སྡེ་གིས་ རྩོད་ཟླ་དྲང་དཔོན་ཨམ་ སྐྱེས་ལོ་༥༢ ལང་མི་ ཚེ་རིང་གཡང་སྐྱིད་ལུ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༡༥༨ པ་དང་༢༣༧ པའི་དགོངས་དོན་དང་འཁྲིལ་ འཐབ་འཛིང་དང་ ཧམ་འཛུལ་འབད་བའི་ ཉེས་འཛུགས་འབད་ནུག། ཁྲིམས་སྲུང་འགག་སྡེའི་ ངོ་ཚབ་ཀྱིས་ ཁྲིམས་འདུན་ལུ་ ཞུ་མིའི་ནང་ རྩོད་ཟླ་གིས་ བྱུང་རྐྱེན་སྐབས་ ཁྲིམས་འདུན་གྱི་ ཕྱག་བདར་བ་ ཀརྨ་གི་ ཁྱིམ་གྱི་སྒོ་ཁར་སོང་སྟེ་ ཀརྨ་གིས་བཀག་རུང་ ཉན་མ་བཏུབ་ལས་ ཀརྨ་གི་གནས་ཚང་ སྐྱེས་ལོ་༣༨ ལང་མི་ བསོད་ནམས་དཔལ་སྒྲོན་གྱི་ སྐྱ་གུ་བཤེད་དེ་ བརྡུང་རྫོབ་འབད་ནུག་ཟེར་ཨིན་པས།
ཉེས་འཛུགས་ཅན་ ཚེ་རིང་གཡང་སྐྱིད་ཀྱིས་ དེ་སྦེ་ བརྡུང་རྫོབ་འབད་ཡོད་པའི་ རྫུན་ཁ་མ་བཟེད་རུང་ འཐབ་འཛིང་བྱུང་པའི་སྐབས་ གློག་བརྙན་བཟོ་མིའི་ནང་ ཧིང་སངས་ས་ཡོདཔ་ལས་ བྱ་ངན་དེ་ འཐབ་འཛིང་དང་ ཧམ་འཛུལ་གྱི་ གནོད་འགེལ་ཨིནམ་ལས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ལྟར་ ཉེས་ཁྲིམས་སྨིན་དགོཔ་འདུག་ཟེར་ ཉེས་འདོགས་པ་གིས་ཞུ་ཡི།
དེ་བཟུམ་སྦེ་ ཁྲིམས་སྲུང་འགག་པ་གིས་ བསོད་ནམས་དཔལ་སྒྲོན་དང་ མོ་གི་བུ་ སྐྱེས་ལོ་༡༨ ལང་མི་ སློབ་ཕྲུག་ལུ་ཡང་ འཐབ་རྩོད་ཀྱི་ ཉེས་འཛུགས་འབད་ནུག།
ཉེས་འཛུགས་ཅན་ བསོད་ནམས་དཔལ་སྒྲོན་གྱིས་ བྱུང་རྐྱེན་སྐབས་ ཚེ་རིང་དབྱངས་སྐྱིད་དང་མཉམ་ ཁ་ཤགས་རྐྱབ་ཐོག་ལས་ འཐབ་རྩོད་འབད་མི་དེ་ གློག་བརྙན་ནང་ཡོདཔ་ལས་ ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༡༥༦ པའི་དགོངས་དོན་ལས་ འགལ་ནུག་ཟེར་ཨིན་པས།
བསོད་ནམས་དཔལ་སྒྲོན་གྱི་ བུ་དེ་གིས་ཡང་ ཚེ་རིང་གཡང་སྐྱིད་ལུ་ ཁ་ངན་ཚིག་ངན་ སླབ་ཡོད་པའི་ རྫུན་ཁ་མ་བཟད་རུང་ མིག་གིས་མཐོང་མི་ ཨམ་སྲུ་གཞན་༢ ཀྱིས་ ངག་བརྗོད་ནང་ དྲང་དཔོན་ཨམ་ལུ་ དཀའ་ངལ་ག་ཅི་ཡོདཔ་སྨོ་ཟེར་ ཚིག་ངན་ཚུ་ སླབ་ཡོདཔ་མ་ཚད་ ཙིགཔ་ཟ་སྟེ་ ཨམ་དེ་ཁྱིམ་སྒོ་ཁར་ཡོད་སར་ འགྱོ་ནི་གི་ དཔའ་བཅམ་ནུག་ཟེར་བཀོད་ནུག།
ཁྲིམས་འདུན་གྱིས་ སྣ་ཚོགས་སྙན་གསན་སྐབས་ གནོད་འགེལ་དང་འབྲེལ་བའི་ ཉེས་འཛུགས་བཀོད་ཡོདཔ་མ་གཏོགས་ ཉེས་ཁྲིམས་སྨིན་དགོ་པའི་ ཁྲིམས་ཚད་ཁ་གསལ་མ་བཀོདཔ་ལས་ དམིགས་བསལ་གྱི་ ཁྲིམས་ཚད་བཀོད་དགོ་པའི་ བཀའ་རྒྱ་གནང་ཡི།
བཀའ་རྒྱ་ནང་ སྐབས་འབབ་ཀྱི་ ཉེས་འཛུགས་ནང་ རྩོད་ཟླ་ཚེ་རིང་གཡང་སྐྱིད་ལུ་ འཐབ་འཛིན་དང་ ཧམ་འཛུལ་གྱི་ ཉེས་འཛུགས་བཀོད་མི་དེ་ ཉེས་པ་ཡང་ཕྲ་ཨིན་པ་ཅིན་ རྒྱལ་གཞུང་འབྲུག་གི་འགག་སྡེའི་བཅའ་ཁྲིམས་༢༠༠༩ ཅན་མའི་དོན་ཚན་༧༡ པ་ དང་འཁྲིལ་ ཉེས་བཤར་འབད་ནིའི་ དབང་ཆ་ཡོད་ཟེར་བཀོད་ནུག།
ཉེས་འཛུགས་ནང་ བཙོན་ཁྲིམས་མཐོ་དམའ་ཚུ་ ཁྲིམས་ཚད་ཀྱི་ དོན་ཚན་དང་བཅས་ ཁ་གསལ་བཀོད་དེ་ ད་རིས་ ཉེས་འཛུགས་ཁྲིམས་སར་ཕུལ་དགོཔ་དང་ ཉེས་ཕྲའི་ཉེས་རིམ་ཨིན་པ་ཅིན་ ལམ་ལུགས་ལྟར་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ སྤྱི་ཟླ་༧ པའི་ཚེས་༡༣ ལུ་ ཉེས་འཛུགས་བཙུགས་དགོཔ་སྦེ་ ཁྲིམས་ཀྱི་བཀའ་རྒྱ་གནང་ཡི།
མངོན་མཐོ་ཁྲིམས་འདུན་གྱིས་ རྩོད་ཟླ་ཚེ་རིང་གཡང་སྐྱིད་དེ་ དྲུང་ཁག་དྲང་དཔོན་གྱི་ ཨམ་སྲུ་ཨིནམ་ལས་ ཁེ་ཕན་ལྟག་སྤྲོད་ཡོད་མི་ལུ་བརྟེན་ རྩོད་བཤེར་གྱི་ སྙན་གསན་དེ་ ངང་ལམ་དྲང་དཔོན་གྱིས་ འབད་དགོ་པའི་ བཀའ་རྒྱ་གནང་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། ཝམ་རོང།

 

About admin

Check Also

རྒེད་འོག་བསྡབ་ནིའི་ གྲོས་འཆར་ལུ་ རྒཔོ་ཚུ་ སེམས་དང་མ་ལྡན་པར་ཡོདཔ།

༉ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒེད་འོག་ལས་བྱེད་ཚོགས་ཆུང་གིས་ རྒེད་འོག་༥༧ དེ་ཅིག་ རྒེད་འོག་གཞན་ཚུ་དང་བསྡབ་ནིའི་ གྲོས་འཆར་བཀོད་མི་དེ་ལུ་ དབང་འདུས་ཕོ་བྲང་རྫོང་ཁག་གི་ རྒཔོ་ཚུ་ལས་ ངོས་ལེན་ལེགས་ཤོམ་མེདཔ་ཨིན་པས། དེ་ཡང་ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒྱལ་ཁབ་ནང་ རྒེད་འོག་བསྡོམས་༢༠༥ ཡོད་མི་ལས་ …

Leave a Reply

Your email address will not be published. Required fields are marked *