ཝམ་རོང་གི་ འཐབ་འཛིང་སྙན་གསན་ ངང་ལམ་དྲང་དཔོན་གྱིས་འབད་ནི།

རྩོད་དོན་དེ་ ཐིམ་ཕུག་ལུ་ སྤོ་སོར་གནང་དགོ་པའི་ ཞུ་བ་འབད་མི་ལུ་ མངོན་མཐོ་ཁྲིམས་འདུན་གྱིས་ ཕྱིར་འབུད་བཏང་ནུག།

༉ བཀྲིས་སྒང་ཝམ་རོང་གི་ འཐབ་འཛིང་དང་འབྲེལ་བའི་ རྩོད་དོན་དེ་ ཐིམ་ཕུག་རྫོང་ཁག་ཁྲིམས་འདུན་ལུ་ སྤོ་སོར་གནང་དགོཔ་སྦེ་ ཉམས་རྒུདཔ་ཨམ་སྲུ་དེ་གི་ མོ་སྤུན་གྱིས་ མངོན་མཐོ་ཁྲིམས་ཀྱི་འདུན་སར་ ཞུ་བ་ཕུལ་མི་ལུ་ ངོས་ལེན་མ་འབད་བས།
དེ་ཡང་ སྤྱི་ཟླ་༦ པའི་ཚེས་༢༥ ལུ་ མངོན་མཐོ་ཁྲིམས་འདུན་གྱི་ ཁྲིམས་སྤྱི་བློན་པོ་ ཆོས་རྒྱལ་ཟླ་སྒོ་རིག་འཛིན་གྱིས་ ཡིག་ཐོག་ལུ་ བཀའ་རྒྱ་བཏོན་མིའི་ནང་ ཞི་རྩོད་དང་ཉེས་རྩོད་བྱ་བའི་གནད་སྤྱོད་ཀྱི་ཁྲིམས་དེབ་དོན་ཚན་༡༨༩ པའི་ནང་གསལ་ལྟར་ ཉེས་ཅན་གནད་དོན་ཞིག་གི་ རྩོད་བཤེར་ཁྱབ་དབང་དེ་ ཉེས་ལས་ག་ཏེ་བྱུང་ཡོདཔ་ཨིན་ན་ ས་གནས་དེ་ཁར་ རྩོད་བཤེར་འབད་དགོཔ་ཨིན་ཟེར་ བཀོད་ཡོདཔ་ལས་ ཝམ་རོང་ཁྲིམས་འདུན་ལས་ ཐིམ་ཕུག་ཁྲིམས་ཀྱི་འདུན་སར་ སྤོ་སོར་གྱི་གནང་བ་གྲོལ་ཐབས་མེདཔ་ལས་ རྩ་བོ་གིས་ཕུལ་མི་ ཞུ་ཡིག་དེ་ ཕྱིར་འབུད་འབདཝ་ཨིན་ཟེར་བཀོད་ནུག།
སྤྱི་ཟླ་༦ པའི་ཚེས་༣ ལུ་ ཉམས་རྒུདཔ་བསོད་ནམས་དཔལ་སྒྲོན་གྱི་ངོ་ཚབ་ ཨ་ཞེམོ་བསོད་ནམས་ཆོས་སྒྲོན་གྱིས་ འཐབ་འཛིང་གི་ རྩོད་གཞི་དེ་ ཐིམ་ཕུག་རྫོང་ཁག་ཁྲིམས་འདུན་ལུ་ ཐོ་བཀོད་ཐོག་ རྩོད་བཤེར་འབད་ཆོག་པའི་ གསོལ་འདེབས་ཞུ་ཡོདཔ་བཞིན་དུ་ མངོན་མཐོ་ཁྲིམས་འདུན་གྱི་ ཁྲིམས་སྤྱི་ངོ་ཚབ་ དྲང་དཔོན་ཀུན་ལེགས་ཚེ་རིང་གིས་ སྣ་ཚོགས་སྙན་གསན་འབད་ཡོདཔ་ཨིན་པས།
རྩོད་རྩ་གིས་ རྒྱལ་ས་ལྟེ་བ་ལུ་ རྩོད་བཤེར་འབད་དགོ་པའི་ ཞུ་བ་འབད་མི་དེ་ཡང་ ཉམས་རྒུདཔ་དེ་ གནས་སྟངས་ལེགས་ཤོམ་མེདཔ་ལས་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ སྨན་བཅོས་འབད་ནིའི་དོན་ལུ་ཨིན་པས།
རྩོད་རྩའི་ཨ་ཞེམོ་གིས་འབད་བ་ཅིན་ ཝམ་རོང་དྲུང་ཁག་ཁྲིམས་འདུན་གྱི་ ས་ཁོངས་ནང་ དྲང་དཔོན་གྱི་ ཨམ་སྲུ་དང་ འཐབ་འཛིང་བྱུངམ་ད་ ཉམས་རྒུད་ཤུགས་སྦེ་ར་བྱུང་མི་ ནུམོ་བསོད་ནམས་དཔལ་སྒྲོན་མོ་ར་ རི་སེར་བུ་སྨན་ཁང་ནང་ སྨན་བཅོས་འབད་རུང་ དྲག་མ་ཚུགས་པར་ མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ནང་ འགྱོ་ནིའི་དོན་ལུ་ རྒྱབ་སྐྱོར་ག་ནི་ཡང་ མ་བྱིནམ་ལས་ ཉམས་རྒུད་མོ་ར་གིས་སྦེ་ སྨན་བཅོས་འབད་བར་ སོང་ནུག་ཨིན་པས།
ཨ་ཞེམོ་གིས་ བཀོད་མིའི་ནང་ མོ་རའི་ནུམོ་དེ་ སྨན་ཁང་ནང་ ཞག་གྲས་༡༡ སྡོད་ཡོད་རུང་ དྲག་མ་ཚུགས་པར་ ལོག་སྟེ་མོ་རའི་ཁྱིམ་ནང་ སྡོད་ཐོག་ལས་ དུས་དང་དུས་སུ་ སྨན་བཅོས་ཀྱི་དོན་ལུ་ འགྲོ་འགྲུལ་འབད་བཞིན་ཡོད་རུང་ དྲག་ཐབས་མེད་པར་ ཉམས་རྒུདཔ་མོ་ར་དང་ སྤུན་ཆ་ཚུ་ ཁ་སླབ་སྟེ་ སྨན་བཅོས་ཀྱི་དོན་ལུ་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ འབག་འོང་ནི་སྦེ་ གཏན་འཁེལ་སོང་ཡི་ཟེར་ཨིན་པས།
གལ་སྲིད་ རྩོད་རྙོགས་ཀྱི་དོན་ལུ་ ཉམས་རྒུདཔ་མོ་ར་ ཁྲིམས་ཀྱི་འདུན་སར་ བཅར་དགོ་པའི་ གནས་སྟངས་བྱུང་པ་ཅིན་ ཐིམ་ཕུག་ལས་ ཝམ་རོང་ཚུན་ ཕར་ཚུར་འགྲོ་འགྲུལ་འབད་ནི་དང་ དངུལ་འབྲེལ་གྱི་ དཀའ་ངལ་འཐོན་སྲིད་ནི་མས་ཟེར་ཨིན་པས།
ཐིམ་ཕུག་ལུ་ རྩོད་བཤེར་གྱི་ གོ་སྐབས་གནང་པ་ཅིན་ ཉམས་རྒུདཔ་མོ་ར་ དུས་མཐུན་སྨན་བཅོས་སྤུས་ཚད་ཅན་ འཐོབ་ནི་དང་ ཐིམ་ཕུག་ལུ་སྡོད་སར་དང་ རྒྱབ་སྐྱོར་འབད་མི་ སྤུན་ཆ་སྒྲིང་སྒྲི་ཡོད་ཟེར་ བཀོད་པའི་ཁར་ ཉམས་རྒུད་པའི་ཚོར་སྣང་ལུ་ ཝམ་རོང་དྲུང་ཁག་གི་ འགག་སྡེའི་འགོ་དཔོན་དང་ དྲུང་འཚོ་ དེ་ལས་ གཞན་འབྲེལ་བ་ཡོད་པའི་མི་ཚུ་ ཁ་འཐབ་སྟེ་ ཡོད་པའི་སྐབས་དོན་བྱུང་མི་དང་ ཉམས་རྒུདཔ་གིས་ ཁྲིམས་མཐུན་གསལ་ཞུ་ཕུལ་མི་ རྒྱབ་མི་བཙུགས་ནིའི་དོན་ལུ་ ས་གནས་དེ་ཁར་ ཁྲིམས་རྩོདཔ་ག་ཡང་མིན་འདུག་ཟེར་ ཞུ་ཡིག་ནང་བཀོད་ནུག།
དེ་མ་ཚད་ ཁྲོམ་ཁའི་ཁྲིམས་རྩོདཔ་ཚུ་ ཝམ་རོང་དྲུང་ཁག་ཁྲིམས་ཀྱི་འདུན་སར་ རྩོད་རྙོགས་ཁྲིམས་གཅོད་ཀྱི་དོན་ལུ་ ཐག་རིང་སར་ འགྱོ་འདོད་མེད་མི་ལུ་བརྟེན་ དྲང་ཁྲིམས་སྨིན་ཐབས་ལུ་ ཐིམ་ཕུག་ལུ་ཡོད་མི་ ཁྲིམས་རྩོདཔ་གིས་ ཉམས་རྒུད་པའི་ ཁྲིམས་མཐུན་ཐོབ་དབང་ཉེན་སྐྱོབ་དང་ ཐོབ་བརྗོད་ཚུ་ འགྲུབ་ཐབས་ལུ་ མངོན་མཐོ་ཁྲིམས་འདུན་གྱིས་ རྩོད་གཞི་དེ་ ཐིམ་ཕུག་ལུ་ སྤོ་སོར་གནང་དགོ་པའི་ ཞུ་བ་ཕུལ་ནུག།
འཐབ་འཛིང་གི་ རྩོད་དོན་ལུ་ མངོན་མཐོ་ཁྲིམས་འདུན་གྱིས་ དབྱེ་ཞིབ་མཛད་པའི་སྐབས་ ཝམ་རོང་དྲུང་ཁག་ཁྲིམས་འདུན་གྱི་ དྲང་དཔོན་དེ་ རྩོད་ཟླ་ཚེ་རིང་དབྱངས་སྐྱིད་ཀྱི་ བཟའ་གྲོགས་ཨིནམ་ལས་ ཁེ་ཕན་ལྟག་སྤྲོད་འབྱུང་ཉེན་ཡོད་མི་ལུ་བརྟེན་ ངང་ལམ་ཁྲིམས་ཀྱི་འདུན་སའི་ དྲང་དཔོན་དེ་ ཝམ་རོང་ཁྲིམས་ཀྱི་འདུན་སར་སོང་སྟེ་ རྩོད་བཤེར་གང་མགྱོགས་ཐོག་ འཁྲུན་ཆོད་གནང་དགོ་པའི་ བཀའ་རྒྱ་གནང་ནུག།
དྲུང་ཁག་ཁྲིམས་འདུན་དྲང་དཔོན་གྱི་ གནས་ཚང་གིས་ ཁྲིམས་ཁང་ཕྱགསམ་འཕྱག་མིའི་ ཨམ་སྲུ་ལུ་ བརྡུང་རྫོབ་འབད་བའི་ དོགས་པ་ལུ་བརྟེན་ ཝམ་རོང་ཁྲིམས་སྲུང་འགག་སྡེ་གིས་ རྩོད་གཞི་དེ་ དྲུང་ཁག་ཁྲིམས་ཀྱི་འདུན་སར་ ཐོ་བཀོད་འབད་དེ་ཡོདཔ་བཞིན་དུ་ ཉམས་རྒུད་པའི་ཁ་ཐུག་ལས་ ཁྲིམས་སྲུང་ངོ་ཚབ་ཀྱིས་ ཁྲིམས་ཀྱི་འདུན་སར་ རྩོད་བཤེར་འབད་ནི་ཨིན་པས།
འཐབ་འཛིང་དེ་ སྤྱི་ཟླ་༤ པའི་ཚེས་༢༦ གི་ ཕྱི་རུ་ཁམས་ཅིག་ཁར་ བྱུང་ཡོདཔ་ད་ ཉམས་རྒུདཔ་དེ་ དྲང་དཔོན་སྡོད་སའི་ ཁྱིམ་གྱི་སྦོ་ལོགས་ཁར་ སྦ་སྒོར་ཅིག་ནང་ རྨགཔ་དང་གཅིག་ཁར་ སྡོདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

ཝམ་རོང་གི་ འཐབ་རྩོད་ནང་ མི་༣ ལུ་ ཉེས་འཛུགས་འབད་ཡོདཔ།

༉ བཀྲིས་སྒང་ཝམ་རོང་ལུ་ སྤྱི་ཟླ་༤ པའི་ཚེས་༢༦ ལུ་ འཐབ་འཛིང་བྱུང་མི་དེ་ནང་ དྲང་དཔོན་གྱི་ཨམ་དང་ ཕྱགས་བདར་བའི་གནས་ཚང་ དེ་ལས་ སློབ་ཕྲུག་བུཚ་ཅིག་ལུ་ ཉེས་འཛུགས་འབད་བའི་ སྣ་ཚོགས་སྙན་གསན་དེ་ ཁ་ཙ་ ཝམ་རོང་དྲུང་ཁག་ཁྲིམས་ཀྱི་འདུན་སར་ ངང་ལམ་དྲུང་ཁག་ཁྲིམས་འདུན་གྱི་ …

Leave a Reply

Your email address will not be published. Required fields are marked *