ཝམ་རོང་ཁྲོམ།

ཝམ་རོང་ཁྲོམ་ཁར་ སྣུམ་འཁོར་བཞག་ས་མེད་པའི་ དཀའ་ངལ།

༉ བཀྲིས་སྒང་ ཝམ་རོང་ཁྲོམ་ཁར་ དྲོ་པ་ཆུ་ཚོད་༨:༣༠ དེ་ཅིག་ལས་ བསམ་གྲུབ་ལྗོངས་མཁར་དང་ བཀྲིས་སྒང་ཁ་ཐུག་ རྒྱུན་འགྲུལ་འཐབ་མི་ སྣུམ་འཁོར་ཊཱག་ཚུ་ འུར་སྒྲ་དང་བཅདཔ་སྦེ་ འགྲོ་འགྲུལ་འབད་མི་དང་འབྲེལ་ ས་གནས་ཀྱི་སྣུམ་འཁོར་ཚུ་ཡང་ ཕར་ཚུར་འགྲོ་འགྲུལ་འབད་སར་ མཐོངམ་ཨིན་པས།
ཝམ་རོང་ཁྲོམ་ཁར་ དུས་ཚོད་འ་ནེམ་ཅིག་ཁར་ སྣུམ་འཁོར་ཚུ་གབ་ཐོབ་རྐྱབ་སྟེ་ རྒྱུན་འགྲུལ་འཐབ་དོ་ཡོདཔ་ད་ དེ་ཡང་ སྣུམ་འཁོར་ཚུ་ བཞག་ས་མེད་པའི་ གནད་དོན་ལུ་བརྟེན་ཏེ་ཨིན་པས།
སྣུམ་འཁོར་བོ་ལོ་རོ་གི་ དེད་གཡོགཔ་ ལུང་བསྟན་རྒྱ་མཚོ་གིས་ སླབ་མིའི་ནང་ ཝམ་རོང་ཁྲོམ་ཁར་ སྣུམ་འཁོར་བཞག་ས་ ལེགས་ཤོམ་མེད་ནི་དེ་གིས་ ས་གོ་འཐོབ་ཚུགས་པར་ ལཱ་ཁག་འདུག་ཟེར་ཨིནམ་ད་ ས་གོ་ཡོད་མི་དེ་ནང་ ས་གནས་ཀྱི་སྣུམ་འཁོར་ཚུ་ བཞགཔ་མས་ཟེར་ཨིན་པས།
དེད་གཡོགཔ་ཚུ་ཐབས་ར་མེད་པར་ སྣུམ་འཁོར་ཚུ་ གཞུང་ལམ་བདའ་སྟེ་ བཞག་དགོཔ་ཐོནམ་མས་ཟེར་ ཁོ་གིས་བཤད་པའི་ཁར་ འཕྲལ་འཕྲལ་ སྣུམ་འཁོར་ཐུག་རྐྱེན་རེ་བྱུངམ་ད་ ཁ་ཤགས་རྐྱབ་དགོཔ་ཡང་ ཐོནམ་མས་ཟེར་ཨིན་པས།
ཝམ་རོང་ཁྲོམ་དེ་ བཀྲིས་སྒང་དང་ བསམ་གྲུབ་ལྗོངས་མཁར་ལུ་ ལྷོད་མ་ཚུགས་མི་ཚུ་གི་དོན་ལུ་ ཚོང་འབྲེལ་འཐབ་སའི་ལྟེ་བ་ཨིནམ་ད་ ཝམ་རོང་གི་ མི་ཚུ་གིས་མ་ཚད་པར་ ཁྲིམས་ཤིང་དང་ རྐང་པར་ར་ དེ་ལས་ མཁའ་གླིང་གི་མི་སེར་ཚུ་ ཉོ་ཚོང་རྐྱབ་སའི་ ས་གནས་ཅིག་ཨིན་པས།
ས་གནས་ནང་སྡོད་མི་ ཤཱཀྱ་དབང་ཕྱུག་གིས་ སླབ་མིའི་ནང་ ས་གནས་ནང་ སྣུམ་འཁོར་བཞག་སའི་ ས་གོ་ལེགས་ཤོམ་མེད་ནི་དེ་གིས་ སྣུམ་འཁོར་ལས་ དོ་བཏོན་ནི་དང་ སྐྱེལ་འདྲེན་འབད་ནི་ལུ་ སྟབས་མི་བདེ་བས་ཟེར་ཨིནམ་ད་ མང་ཤོས་ར་ སྣུམ་འཁོར་ཚུ་ ཉི་མ་ཨེབ་ཏ་རྐྱབ་དགོཔ་ ཐོནམ་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ས་གནས་ནང་ སྣུམ་འཁོར་བཞག་སའི་ ས་གོ་ཚད་ཅིག་ལས་བརྒལ་ མེད་ནི་དེ་གིས་ སྣུམ་འཁོར་ཚུ་ ག་ལྷོད་བཞག་དགོཔ་ཐོནམ་མས་ཟེར་ཨིནམ་ད་ དྲག་ཤོས་ར་ ཁྲིམས་སྲུང་འགག་པ་ཚུ་གིས་ སྟབས་མ་བདེཝ་ཧ་གོ་ནི་དེ་གིས་ དྲག་པས་ཟེར་ཨིན་པས།
ཚོང་རྐྱབ་སྡོད་མི་ ཕུན་ཚོགས་དབང་མོ་གིས་ སླབ་མིའི་ནང་ རྒེད་འོག་དང་སྤྱི་འོག་ག་ཏེ་ཡང་ འཁོར་ལམ་བཏོན་ཚར་ནི་དེ་གིས་ སྣུམ་འཁོར་གྱི་གྱངས་ཁ་ཡང་ ཡར་སེང་འགྱོཝ་མས་ཟེར་ ཨིན་པས།
ས་གནས་ཀྱི་ མི་ཚུ་དང་འཁྲིལ་བ་ཅིན་ ས་གནས་ནང་ཡོད་པའི་ཚོང་པ་དང་ ཞི་གཡོགཔ་ དེ་ལས་ ལས་འཛིན་དང་སྒེར་སྡེ་ནང་ ལཱ་འབད་མི་ཚུ་གི་སྣུམ་འཁོར་༦༠ ལྷགཔ་ཅིག་ཡོད་ཟེར་ཨིནམ་ད་ རྒྱུན་འགྲུལ་འཐབ་མི་ སྣུམ་འཁོར་འབདཝ་ད་ སྣུམ་འཁོར་བཞག་སའི་ དཀའ་ངལ་དེ་ རང་བཞིན་གྱིས་ཐོནམ་མས་ཟེར་ བཤདཔ་ཨིན་པས།
དེ་མ་ཚད་ ཁྲོམ་གྱི་སྦོ་ལོགས་ཁར་ གཞུང་ལམ་རྒྱ་སྐྱེད་འབད་མི་དེ་གིས་ ས་དང་རྡོ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཚུ་གིས་ཡང་ ས་སྟོང་བསུབས་དོ་ཡོདཔ་ཨིན་པས།
ཚོང་པ་འཕྲིན་ལས་བསོད་ནམས་ཀྱིས་ སླབ་མིའི་ནང་ རྩི་ནག་མ་བཏང་པར་ལུས་མི་ འཁོར་ལམ་དེ་ ཌན་ཊག་གིས་ རྩི་ནག་གཏང་བྱིན་པ་ཅིན་ སྣུམ་འཁོར་བཞག་སའི་ས་གོ་ཡང་ འཐོན་ནི་མས་ཟེར་ཨིན་པས།
ཁྲོམ་གྱི་ཚོགས་པ་ དཀར་ཅུང་གིས་ སླབ་མིའི་ནང་ ས་གནས་དེ་ འགྲུལ་པ་ཚུ་ རྒྱུན་འགྲུལ་འཐབ་སའི་ ས་གནས་ཅིག་ཨིནམ་ལས་ སྣུམ་འཁོར་ཚུ་ གཞུང་ལམ་བདའ་སྟེ་ བཞག་དགོཔ་ཐོནམ་མས་ཟེར་ ཨིན་པས།
ཨིན་རུང་ ཝམ་རོང་དྲུང་པ་ སངས་རྒྱས་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ རྫོང་བདག་དང་ ཁོ་གིས་ ཌན་ཊག་གི་འགོ་དཔོན་ཚུ་དང་ གྲོས་བསྟུན་འབད་དེ་ ཁྲོམ་གྱི་སྦོ་ལོགས་ཁར་ཡོད་པའི་ འཁོར་ལམ་གུ་ རྩི་ནག་གཏང་དགོཔ་སྦེ་ ཁ་སླབ་སྟེ་ཡོད་ཟེར་ཨིནམ་ད་ རྩི་ནག་གཏང་ཚར་བའི་བསྒང་ལས་ ས་ཁོངས་གོ་ཡངས་ཏོག་ཏོ་སྦེ་ འཐོན་འོང་ཟེར་ཨིན་པས།
རྩི་ནག་གཏང་ཚར་ཞིནམ་ལས་ དཀར་ཐིག་རྐྱབ་སྟེ་ སྣུམ་འཁོར་བཞག་ས་ བཟོ་ནི་ཨིནམ་ལས་ དཀའ་ངལ་བསལ་ཚུགས་པའི་ རེ་བ་ཡོདཔ་མ་ཚད་ སྣུམ་འཁོར་བརྡ་སྟོན་འབད་མི་ ཁྲིམས་སྲུང་འགག་པ་ལུ་ཡང་ སྟབས་བདེ་འོང་ཟེར་ དྲུང་པ་གིས་ བཤད་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། ཝམ་རོང་།

About admin

Check Also

བཀྲིས་གཡང་རྩེའི་ མི་སེར་ཚུ་གིས་ སྒོ་ནོར་གསོ་སྐྱོང་འབད་ནི་ལུ་ སྤྲོ་བ་བསྐྱེད་དོ་ཡོདཔ།

༉ བཀྲིས་གཡང་རྩེ་ཁྲོམ་ཁར་ ཨོ་ཆས་བཙོང་སའི་ཁང་མིག་ནང་ དྲོ་པ་ལས་ར་ ཨོམ་དང་མར་ དར་ཚིལ་ ཞོ་གིས་ གང་སར་མཐོངམ་ཨིནམ་པས། དེ་ཡང་ བཀྲིས་གཡང་རྩེའི་མི་ཚུ་གིས་ སྒོ་ནོར་ལེགས་ཤོམ་སྦེ་ གསོ་སྐྱོང་འཐབ་དོ་ཡོད་པའི་ རྟགས་མཚན་ཨིནམ་མ་ཚད་ སྒོ་ནོར་གྱི་ཐོན་སྐྱེད་ཡར་དྲག་སོང་ཡོད་པའི་ རྟགས་མཚན་ཅིག་ཡང་ …

Leave a Reply

Your email address will not be published. Required fields are marked *