རྨགཔ་དང་ཁ་བྱལ་བའི་ཤུལ་ལུ་ ཚོད་བསྲེ་བཙོང་སྡོད་མི་ ཚེ་རིང་བཟང་མོ།

ཚོད་བསྲེ་བཙོང་མི་ གཉེན་ཡ་བྲལ་ཨམ་སྲུ་ཚུ་ལུ་ གདོང་ལེན་བྱུང་སྟེ་ཡོདཔ།

༉ ནད་ཡམས་ཀོ་བིཌ་-༡༩ ཁྱབ་སྤེལ་འགྱོ་ནི་ལས་ བཀག་ཐབས་འབད་ནིའི་དོན་ལུ་ གཞུང་གིས་ ཐིམ་ཕུག་བརྒྱ་འཁོར་ཚོད་བསྲེ་ཚོང་ཁྲོམ་ནང་ ཚོད་བསྲེ་བཙོང་མ་ཆོགཔ་སྦེ་ བཟོ་མི་ལུ་བརྟེན་ གཉེན་ཡ་བྲལ་འགྱོ་མི་ ཨམ་སྲུ་ཚུ་ལུ་ གདོང་ལེན་སྦོམ་བྱུང་ནུག།

དེ་ཡང་ མོང་སྒར་དགོངས་འདུས་རྒེད་འོག་ལས་ སྐྱེས་ལོ་༣༡ ལང་མི་ ཚེ་རིང་བཟང་མོ་གིས་ བརྒྱ་འཁོར་ཚོད་བསྲེ་ཚོང་ཁྲོམ་ནང་ ནང་འཁོད་ལས་ཐོན་མི་ སོ་ནམ་ཐོན་སྐྱེད་དང་ ཚོད་བསྲེའི་རིགས་ཚུ་བཙོང་སྟེ་ འོང་འབབ་བཟོ་མི་དེ་གིས་ མོ་རའི་ ཨ་ལོ་༣ གསོ་སྐྱོང་འཐབ་ནི་དང་ སློབ་གྲྭའི་ཟད་འགྲོ་བཏང་སྟེ་ ལོ་༩ ལང་ཡོདཔ་ཨིན་པས།

ཚེ་རིང་བཟང་མོ་གིས་ སླབ་མིའི་ནང་ རྨགཔ་དང་ཁ་བྱལ་ཏེ་ ལོ་༢ ལང་ཡོདཔ་བཞིན་དུ་ ད་རེས་ ཚོད་བསྲེ་བཙོང་སྟེ་ བཟའ་ཚང་གསོ་སྐྱོང་འཐབ་བཞིན་དུ་ཡོད་ཟེར་ཨིན་པས།

ནད་ཡམས་ལུ་བརྟེན་ རྒྱལ་ཁབ་ནང་ འགྲོ་འགྲུལ་བཀག་དམ་འབད་བའི་ཁར་ ཚོད་བསྲེ་བཙོང་སའི་ས་གོ་ ངེས་ཏིག་འཐོབ་མ་ཚུགས་པར་ ཟླཝ་༡ སྡོད་དགོཔ་བྱུང་ནི་དེ་གིས་ བཟའ་ཚང་གསོ་ནི་ལུ་ དཀའ་ངལ་བྱུང་ཡི་ཟེར་ཨིན་པས།

གཞུང་དང་ ཐིམ་ཕུག་ཁྲོམ་སྡེ་གིས་ ཚོད་བསྲེ་བཙོང་མི་ཚུ་དང་ གྲོས་བསྟུན་ག་ནི་ཡང་མེད་པར་ བཀག་དམ་འབད་མི་དེ་ལུ་ ཧ་གོ་མ་ཚུགས་ཟེར་ཨིན་པས།

བཀྲིས་སྒང་ར་ལྡི་ལས་ སྐྱེས་ལོ་༤༢ ལང་མི་ དབང་མོ་གིས་ བརྒྱ་འཁོར་ཚོད་བསྲེ་ཚོང་ཁྲོམ་ནང་ ཚོད་བསྲེ་བཙོང་སྟེ་ ལོ་༧ ལང་དོ་ཡོདཔ་ད་ དེ་ཡང་ རྨགཔ་དང་ཁ་བྱལ་བའི་ཤུལ་ལས་ བྱ་ཐབས་མེད་པར་ ཨ་ལོ་ཚུ་ གསོ་ནིའི་དོན་ལུ་ ཚོད་བསྲེ་བཙོང་དགོཔ་བྱུང་ཡི་ཟེར་ཨིན་པས།

མོ་གི་ ཨ་ལོ་༥ པོ་ཆ་ར་ སློབ་གྲྭ་ནང་ དཔེ་ཆ་ལྷབ་པའི་བསྒང་ཡོདཔ་ལས་ ད་ལྟོ་ཚུན་ དཀའ་ངལ་མ་འབྱུང་རུང་ ད་རེས་ ནད་ཡམས་ཀྱི་གནས་སྟངས་ལུ་བརྟེན་ ཟད་འགྲོ་མ་ལང་པའི་ ཚ་གྱང་ལང་སྟེ་ཡོད་ཟེར་ མོ་གིས་ སླབ་ཨིན་པས།

ཚོད་བསྲེ་བཙོང་མི་ ན་གཞོན་ཅིག་ཨིན་མི་ བདེ་སྐྱིད་ཆོས་སྒྲོན་གྱིས་ སླབ་མིའི་ནང་ བཀྲིས་གཡང་རྩེ་ སྟོད་ཚོ་རྒེད་འོག་གི་ འབྲིང་རིམ་སློབ་གྲྭ་བར་མ་ལས་ སློབ་གྲྭ་བཤོལ་བཞག་པའི་ཤུལ་ལས་ ཐིམ་ཕུག་ལུ་འོང་སྟེ་ ཟ་ཁང་ཅིག་ནང་ ལཱ་འབད་རུང་ མི་ཚེ་མཐར་བཀལ་ནི་ལུ་ དཀའ་ངལ་ཡོདཔ་ལས་ དུས་ཅི་ ལོ་འགོ་བཙུགས་པའི་སྐབས་ བརྒྱ་འཁོར་ཚོད་བསྲེ་ཁྲོམ་ནང་ ཚོད་བསྲེ་བཙོང་མི་སྦེ་ སྡོད་ཡི་ཟེར་ཨིན་པས།

མ་གཞི་ ཚོད་བསྲེའི་འོང་འབབ་ལུ་བརྟེན་ དཔེ་ཆ་ལྷབ་མི་ མོ་རའི་ནུམོ་ལུ་ ཟད་འགྲོ་བཏང་པའི་ཁར་ གཡུས་ཁ་ཕམ་༢ ལུ་ཡང་ ཆ་རོགས་འབད་དོ་ཟེར་ སྐྱེས་ལོ་༢༤ ལང་མི་ བདེ་སྐྱིད་ཆོས་སྒྲོན་གྱིས་ བཤདཔ་ཨིན་པས།

ཟླཝ་༡ ནང་ ཚོད་བསྲེ་བཙོང་ནིའི་དུས་ཡུན་ ཉིནམ་༥ ལས་བརྒལ་མེད་པའི་ཁར་ བདུན་ཕྲག་༢ ལྷགཔ་གི་རིང་ ཁྱིམ་ནང་ ག་ཅི་འབད་སྡོད་དགོཔ་ཨིན་ན་ ཡང་ཅིན་ ལོག་གཡུས་ཁ་ལུ་འགྱོ་རུང་ སོ་ནམ་གྱི་ལཱ་འབད་མི་ཚུགས་ནི་ཨིནམ་ལས་ ཚ་གྱང་ལང་དགོཔ་བྱུངམ་མས་ཟེར་ བདེ་སྐྱིད་ཆོས་སྒྲོན་གྱིས་ བཤདཔ་ཨིན་པས།

ཚོད་བསྲེ་བཙོང་སྟེ་ ལོ་ངོ་༡༠ ལང་མི་ ཆོས་ཉིད་དབང་མོ་གིས་ སླབ་མིའི་ནང་ རྨགཔ་དང་ཁ་བྱལ་བའི་ཤུལ་ལས་ ཨ་ལོ་༤ གསོ་ནིའི་དོན་ལུ་ ཚོད་བསྲེ་བཙོང་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ ཨ་ལོ་༡ གིས་ སློབ་རིམ་༡༢ པ་མཐར་འཁྱོལ་ཡོདཔ་ད་ གཞན་མི་༣ ཆ་ར་ ད་ལྟོ་ དཔེ་ཆ་ལྷབ་པའི་བསྒང་ཡོད་ཟེར་ཨིན་པས།

ཐིམ་ཕུག་ལས་ སྐྱེས་ལོ་༤༤ ལང་མི་ རྟ་མགྲིན་པདྨོ་གིས་ རྨགཔ་དང་ཁ་བྱལ་བའི་ཤུལ་ལུ་ བྱ་ཐབས་མེད་པར་ ཨ་ལོ་༤ གསོ་སྐྱོང་འཐབ་ནིའི་དོན་ལུ་ ཚོད་བསྲེ་བཙོང་ནི་འགོ་བཙུགས་ཏེ་ ལོ་༢ ལང་ཡི་ཟེར་ཨིན་པས།

ཚོད་བསྲེ་བཙོང་མི་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ གཞུང་དང་ ཁྲོམ་སྡེ་གིས་ མི་སེར་ཉམ་ཆུང་གི་ སྐྱིད་སྡུག་ཚུ་ ཞིབ་དཔྱད་འབད་ཞིནམ་ལས་ དཀའ་སྡུག་ཕོག་མི་ཚུ་ལུ་ བརྒྱ་འཁོར་ཚོད་བསྲེ་ཚོང་ཁྲོམ་ནང་ གཏན་འཇགས་ཀྱི་གོ་སྐབས་ གནང་ནི་དང་ ཚོད་བསྲེ་ཚོང་པ་གསུམ་དཔྱ་༡ མེན་པར་ བརྒྱ་ཆ་༥༠ ལུ་ དུས་ཡུན་ཡར་སེང་འབད་དེ་ བཙོང་ནིའི་གོ་སྐབས་ གནང་དགོཔ་འདུག་ཟེར་ཨིན་པས།

སྤྱི་ཟླ་༡༠ པའི་ཚེས་༡༤ ལས་ ཐིམ་ཕུག་བརྒྱ་འཁོར་ཚོད་བསྲེ་ཚོང་ཁྲོམ་ སྒོ་ཕྱེས་ཡོད་རུང་ ཚོད་བསྲེ་ཚོང་པ་༥༠༠ ཡོད་མི་ལས་ གསུམ་དཔྱ་༡ གིས་ སྐོར་རྒྱབ་ཐོག་ལས་ བཙོང་ནི་འགོ་བཙུགས་མི་དེ་ ཟླཝ་༡ ནང་ ཉིན་གྲངས་༥ ལས་བརྒལ་མེདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

མོང་སྒར་ལུ་ ས་སྣུམ་མ་ལང་པའི་ དཀའ་ངལ་ཐོན་ཡོདཔ།

༉ མོང་སྒར་ཁྲོམ་ནང་སྡོད་མི་ སྣུམ་འཁོར་ཆུང་བའི་ ཇོ་བདག་ཅིག་ཨིན་མི་ རྒྱལ་མཚན་གྱིས་ རེས་གཟའ་ཕུར་བུ་ལུ་ ཁོ་རའི་ ལཱ་ཁག་ཆེ་ཏོག་ཏོ་ཅིག་ཐོན་ཏེ་ གླིང་མེད་ཐང་ལུ་ འགྱོ་ནིའི་དོན་ལས་ མོང་སྒར་ས་སྣུམ་བཀྲམ་སྤེལ་ཁང་ནང་ མར་ཁུ་བླུག་པར་ཚར་༢ དེ་ཅིག་འགྱོ་རུང་ ས་སྣུམ་མེད་ནི་དེ་གིས་ འཆར་གཞི་བཤོལ་བཞག་འབད་དགོཔ་ …

Leave a Reply

Your email address will not be published. Required fields are marked *