མུ་ཏིག་ཐང་མེ་རླུང་རྒྱ་རྫི་བགོ་བཀྲམ་ཁང་གི་ཕྱི་ཁར་ གོང་ཚད་ཕབ་ཆག་ཡོད་མི་ མེ་རླུང་རྒྱ་རྫི་ལེན་ནིའི་དོན་ལུ་ ཚོང་མགྲོན་པ་ཚུ་ གྱལ་བསྣར་ཏེ་སྡོད་པའི་བསྒང་།

ཚོང་འབྲེལ་ལས་ཁུངས་ཀྱིས་ མེ་རླུང་རྒྱ་རྫི་ལང་ཚུགསཔ་བཟོ་ནིའི་ ཐབས་ལམ་ལག་ལེན།

༉ ཚོང་འབྲེལ་ལས་ཁུངས་ཀྱིས་ སྤྱི་ཟླ་༤ པའི་ཚེས་༩ ལས་ ཁྲོམ་སྡེ་ལྟེ་བ་ ཐིམ་ཕུག་དང་ ཕུན་ཚོགས་གླིང་ བསམ་གྲུབ་ལྗོངས་མཁར་ དགེ་ལེགས་ཕུག་ཁྲོམ་སྡེ་༤ ནང་ གོང་ཚད་ཕབ་ཆག་ཡོད་མི་ མེ་རླུང་རྒྱ་རྫི་གསརཔ་བྱིན་ནི་དེ་ མཚམས་འཇོག་འབད་ཡོདཔ་ཨིན་པས།
ཨིན་རུང་ གོང་ཚད་ཕབ་ཆག་མེད་མི་ རྒྱ་རྫི་ཚུ་ འཕྲོ་མཐུད་དེ་ར་ ཐོབ་ཚུགསཔ་བཟོ་ནི་ཨིན་པས།
བསྟན་རྒྱས་ལྷན་ཁག་གིས་ དེ་བཟུམ་མའི་ ཐབས་ལམ་ལག་ལེན་འཐབ་མི་དེ་ཡང་ གོང་ཚད་ཕབ་ཆག་ཐོག་ཐོབ་མི་ མེ་རླུང་རྒྱ་རྫི་ཚུ་ རྒྱུན་མ་ཆད་པར་ བགོ་བཀྲམ་འབད་ནི་ཡོདཔ་ ངེས་བརྟན་བཟོ་ཐབས་ལུ་ཨིན་པས།
རྒྱ་གར་ལས་ ཟླ་རིམ་བཞིན་དུ་ མེ་རླུང་རྒྱ་རྫི་མེ་ཊིག་ཊཱོན་༧༠༠ དེ་རེ་ གོང་ཚད་ཕབ་ཆག་ཐོག་ ཐོབ་མི་དེ་ སྤྱི་ལོ་༢༠༠༨ ལུ་ མེ་ཊིག་ཊཱོན་༥༠༠ ལས་ ཡར་སེང་འབད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༧ གྱི་ མི་འབོར་དང་ ཁྱིམ་གྲངས་རྩིས་གསརཔ་དང་འཁྲིལཝ་ད་ སྤྱི་ལོ་༢༠༠༨ ལུ་ འབྲུག་གི་མི་འབོར་༦༥༨,༧༥༦ ཡོད་མི་ལས་༧༣༤,༣༧༤ ལུ་ ཡར་འཕར་སོང་ཡོདཔ་མ་ཚད་ ཁྱིམ་གྱི་གྱངས་ཁ་ཡང་ སྤྱི་ལོ་༢༠༠༨ ལུ་༡༢༦,༡༡༥ ཡོད་མི་ལས་ སྤྱི་ལོ་༢༠༡༨ ལུ་༡༦༣,༠༠༡ ལུ་ ཡར་སེང་སོང་ཡོདཔ་ལས་ མེ་རླུང་རྒྱ་རྫི་ཡང་ ཐེབས་བགོ་བཀྲམ་འབད་དགོཔ་ཨིན་པས།
ཚོང་འབྲེལ་མདོ་ཆེན་ བསོད་ནམས་བསྟན་འཛིན་གྱིས་ སླབ་མིའི་ནང་ མི་འབོར་ཡར་འཕར་འགྱོ་མི་དང་བསྟུན་ མེ་རླུང་རྒྱ་རྫིའི་ མཁོ་འདོད་བཀོད་མི་ཡང་ ཡར་སེང་སོང་པའི་ཁར་ སྤྱི་ལོ་༢༠༡༧ ཟླ་༡༢ པའི་ནང་ གྲོང་གསེབ་ཚུ་ནང་ རྒྱ་རྫིའི་ཐོབ་ལམ་ བཟོ་མི་དེ་གིས་ ཕབ་ཆག་ཡོད་མི་ མེ་རླུང་རྒྱ་རྫི་ཚུ་ ལྷག་པར་དུ་ ཐེབས་དགོ་པའི་ མཁོ་གལ་བཟོ་ད་ཡི་ཟེར་ཨིནམ་ད་ མེ་རླུང་རྒྱ་རྫི་གསརཔ་ཚུ་ཡང་ ཧེ་མར་ བཞེས་སྒོ་འབད་ནིའི་དོན་ལུ་ ཐབ་ཤིང་ཚུ་ལུ་ བརྟེན་སྡོད་མི་ གྲོང་གཡུས་ཀྱི་ ཁྱིམ་གུང་བརྒྱ་ཆ་༤༠ དེ་ཅིག་ལུ་ མཁོ་སྤྲོད་འབད་ཡི་ཟེར་ མདོ་ཆེན་གྱིས་ བཤདཔ་ཨིན་པས།
ཕབ་ཆག་ཡོད་མི་ མེ་རླུང་རྒྱ་རྫི་མེ་ཊིག་ཊཱོན་༧༠༠ དེ་ འབྲུག་མི་ཚུ་ལུ་ བགོ་བཤའ་རྐྱབ་པ་ཅིན་ ཁྱིམ་གུང་༣ གྱིས་ མེ་རླུང་རྒྱ་རྫི་༡ བགོ་བཤད་རྐྱབ་དགོཔ་ འཐོན་ནི་ཨིནམ་ད་ ད་རེས་ གོང་ཚད་ཕབ་ཆག་མེད་པའི་ མེ་རླུང་རྒྱ་རྫི་མེ་ཊིག་ཊཱོན་༡,༠༠༠ ནང་འདྲེན་འབད་རུང་ ཟླ་རིམ་བཞིན་དུ་ ཁྱིམ་གུང་རེ་ལུ་ རྒྱ་རྫི་༢ མ་ལང་པར་ཡོདཔ་ཨིན་པས།
ལས་ཁུངས་ཀྱིས་ རྒྱ་རྫི་མ་ལང་པའི་ དཀའ་ངལ་སེལ་ཐབས་ལུ་ ཐབས་ལམ་སྣ་ཚོགས་ བཏོན་ཡོདཔ་མ་ཚད་ སྤྱི་ཟླ་༤ པའི་ཚེས་༩ ལུ་ ལྷན་རྒྱས་གཞུང་ཚོགས་ལུ་ ཡི་གུ་ཅིག་བཙུགས་ནུག།
ལས་ཁུངས་ཀྱིས་ ཚོང་མགྲོན་པ་ཚུ་ རྒྱ་རྫི་སྟོངམ་སྦེ་ ཁྱིམ་ནང་ལོག་འགྱོ་མ་དགོཔ་དང་ དཀའ་སྡུག་འབྱུང་ནི་མེདཔ་ བཟོ་ཐབས་ལུ་ རེས་གཟའ་ལྷག་པ་ལུ་ རྒྱ་རྫི་བཀྲམ་སྤེལ་ཁང་ག་རའི་ནང་ ཤོག་འཛིན་ལམ་ལུགས་ཅིག་ ལག་ལེན་འཐབ་ནི་ འགོ་བཙུགས་ནུག།
བསོད་ནམས་བསྟན་འཛིན་གྱིས་ སླབ་མིའི་ནང་ ཚོང་མགྲོན་པ་ཚུ་གི་ སྟབས་བདེ་ཏོག་ཏོ་འབྱུང་ནི་དང་ བགོ་བཀྲམ་ལམ་ལུགས་སྐོར་ལས་ དྭངས་གསལ་སྦེ་ ཤེས་རྟོགས་འབྱུང་ཐབས་ལུ་ ཚོང་མགྲོན་པའི་ བརྡ་དོན་སྐུལ་བསྒྲགས་དེ་ བཀྲམ་སྤེལ་ཁང་ག་རའི་ནང་ སྦྱར་བཞག་སྟེ་ཡོད་ཟེར་ཨིན་པས།
ད་རུང་ ལས་ཁུངས་ཀྱིས་ མུ་ཏིག་ཐང་སྣུམ་མཛོད་ལས་ མེ་རླུང་རྒྱ་རྫི་གསརཔ་སྤྲོད་ནི་དེ་ གནས་སྐབས་ཅིག་ མཚམས་འཇོག་ཐོག་ ཚོང་མགྲོན་པ་ཚུ་གིས་ འབྲུག་པེ་ཊོ་ལི་ཡམ་ལས་འཛིན་དང་ དམ་ཅན་པེ་ཊོ་ལི་ཡབ་ལས་ གསརཔ་ལེན་དགོཔ་སྦེ་ བཟོ་ཡོདཔ་ད་ དེ་བཟུམ་མའི་ བགོ་བཀྲམ་ཚད་མཉམ་བཟོ་མི་དེ་གིས་ མུ་ཏིག་ཐང་བཀྲམ་སྤེལ་ཁང་ནང་ རྒྱ་རྫི་སོར་བ་འགྱོ་མི་ཚུ་གི་ གྱངས་ཁ་མར་འབབ་འགྱོ་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
དེ་གིས་མ་དོ་བར་ ཕབ་ཆག་ཡོད་མི་ མེ་རླུང་རྒྱ་རྫི་ཚུ་ ཁྱིམ་གྱི་སྒོ་ཁར་ཚུན་བསྐྱལ་ཏེ་ མཁོ་སྤྲོད་འབད་མི་དེ་ཡང་ མཚམས་འཇོག་འབད་ཡོདཔ་ད་ ཞབས་ཏོག་མཁོ་སྤྲོད་འབད་མི་ཚུ་ལུ་ ཕབ་ཆག་མེད་མི་དང་ ཚོང་འབྲེལ་དང་འབྲེལ་བའི་ རྒྱ་རྫི་རྐྱངམ་གཅིག་ ལེན་ཆོགཔ་སྦེ་བཟོ་ནུག།
ལས་ཁུངས་ཀྱིས་ མེ་རླུང་རྒྱ་རྫི་མ་ལང་པའི་ དཀའ་ངལ་མི་འབྱུང་ནིའི་དོན་ལུ་ ལས་སྡེ་དང་ གཙུག་སྡེ་ཚུ་གིས་ རྒྱ་རྫི་མངམ་སྦེ་ ལེན་འབག་ནི་ཚུ་ཡང་ བཀག་འཛིན་འབད་ཡོདཔ་ད་ གྱལ་བསྣར་ཏེ་སྡོད་མི་ ཚོང་མགྲོན་པ་ཚུ་ལུ་ མེ་རླུང་རྒྱ་རྫི་ལངམ་སྦེ་ བགོ་བཀྲམ་འབད་ནིའི་ ཕན་ཐབས་ལུ་ བཀྲམ་སྤེལ་ཁང་ཚུ་གིས་ གློ་བུར་གྱི་དོན་ལུ་ རྒྱ་རྫི་གསོག་འཇོག་ནང་ བཞག་མི་ཚུ་ཡང་ ད་ལས་ཕར་ བཞག་མ་དགོཔ་སྦེ་ བཟོ་འོང་ཟེར་ མདོ་ཆེན་གྱིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ གཞུང་གི་ཧོངས་ལས་ སྤྱི་ཚོགས་ཀྱི་ འཐུས་མི་ཆ་མཉམ་དང་ ཡོངས་ཁྱབ་མདོ་ཆེན་ མདོ་ཆེན་ གཙོ་འཛིན་ ཡོངས་ཁྱབ་འཛིན་སྐྱོང་པ་ དེ་ལས་ བཟའ་ཚང་འབྱོར་པ་དང་ལྡན་མི་ཚུ་གིས་ ཕབ་ཆག་ཡོད་མི་ རྒྱ་རྫི་ལོག་སྤྲོད་ཐོག་ལས་ ཕབ་ཆག་མེད་པའི་ རྒྱ་རྫི་ལེན་དགོ་པའི་ འཛིན་སྐྱོང་བཀའ་རྒྱ་བཏོན་ཏེ་ཡོད་ཟེར་ཨིན་པས།
མ་གཞི་ ང་བཅས་ཀྱིས་ གཞུང་གི་ལས་སྡེ་ཆ་མཉམ་ལུ་ ཡི་གུ་ཚར་གཉིས་ བཏང་ཡོད་རུང་ ངོས་ལེན་ལེགས་ཤོམ་ཅིག་ ཐོབ་མ་ཚུགས་ཟེར་ བསོད་ནམས་བསྟན་འཛིན་གྱིས་ བཤད་པའི་ཁར་ ད་རུང་ ཆེ་མཐོའི་འགོ་དཔོན་ཚུ་ལུ་ ཕབ་ཆག་མེད་པའི་ རྒྱ་རྫི་ཚུ་ ལག་ལེན་འཐབ་དགོ་པའི་ ཞུ་བ་ཕུལ་འོང་ཟེར་ བཤདཔ་ཨིན་པས།
ད་རེས་ ཕྱི་རུ་ཁམས་ཅིག་ཁར་ བློན་ཆེན་དང་ ཚོགས་དཔོན་ ལྡོག་ཕྱོགས་འགོ་ཁྲིདཔ་ རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་ དེ་ལས་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་གཞན་ཚུ་གིས་ མུ་ཏིག་ཐང་སྣུམ་མཛོད་ལུ་ ཕབ་ཆག་ཅན་གྱི་ རྒྱ་རྫི་ཚུ་ རྩིས་སྤྲོད་ཐོག་ལས་ ཕབ་ཆག་མེད་མི་ཚུ་ ལེན་ནི་ཨིན་པས། ད་རེས་ནངས་པར་ རྒྱལ་ཁབ་ནང་འཁོད་ལུ་ མེ་རླུང་རྒྱ་རྫི་བགོ་བཀྲམ་ཁང་༤༤ ཡོད་མི་ལས་ ཉིན་བསྟར་བཞིན་དུ་ རྒྱ་རྫི་གསརཔ་ལེན་མི་༨༥ དང་༩༠ འི་བར་ན་ ཐོན་དོ་ཡོད་པའི་གནས་ཚུལ།

About admin

Check Also

རང་བྱུང་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་སྡེ་ཚན་ཅིག་གིས་ གསོལ་ཁ་གཏང་ནི་དང་ ཆོས་ཆས་ལག་ལེན་འཐབ་ཐངས་ཚུ་ ལྷབ་སྦྱང་འབད་དོ་ཡོདཔ།

༉ བཀྲིས་སྒང་ རང་བྱུང་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་སྡེ་ཚན་ཅིག་གིས་ སློབ་གྲྭའི་ཆོས་ཚན་རྐྱངམ་གཅིག་གིས་མ་ཚད་པར་ ཆོས་ཕྱོགས་ཀྱི་ལས་རིམ་ནང་ བཅའ་མར་གཏོགས་ཏེ་ གསོལ་ཁ་གཏང་ནི་དང་ ཆོས་ཆས་ལག་ལེན་འཐབ་ཐངས་ཚུ་ཡང་ ལྷབ་སྦྱང་འབད་དོ་ཡོདཔ་ཨིན་པས། དེ་ཡང་ སློབ་ཕྲུག་སྡེ་ཚན་ཅིག་གིས་ དྲོ་པ་ཨ་རྟག་ར་ ཆུ་ཚོད་༥ ལས་ …

Leave a Reply

Your email address will not be published. Required fields are marked *