སྤྱི་ཟླ་༡༠ པའི་ཚེས་༡༠ ལུ་ ཚོགས་རྒྱན་སྐྱུར་མི་ཅིག་ མོ་རའི་ཚོགས་རྒྱན་དེ་ ཤེས་རབ་གླིང་སློབ་གྲྭ་ལྟེ་བའི་ ལྷན་ཐབས་ས་ཁོངས་ནང་ ཚོགས་རྒྱན་བཙུགས་ནིའི་དོན་ལུ་ བསྒུག་སྡོད་པའི་བསྒང་།

ཚོང་པ་ཚུ་ འགྲེམ་ཐོག་ཚོགས་རྒྱན་གྱི་ གོ་སྐབས་མ་ཐོབ་ལས་ སེམས་ཕམ་བྱུང་ཡོདཔ།

༉ ཀྲོང་གསར་གྱི་ ཚོང་པའི་འཐུས་མི་ཚུ་གིས་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས་ནང་ལས་ ཚོགས་རྒྱན་བཙུགས་ནིའི་ གོ་སྐབས་མ་ཐོབ་ལས་ སེམས་དང་མ་ལྡན་པར་འདུག།

ཁོང་གིས་འབད་བ་ཅིན་ རྫོང་ཁག་གཞན་ཁ་ལས་ ཀྲོང་གསར་རྫོང་ཁག་ནང་ ཚོང་འབྲེལ་ཆུང་ཀུ་ འཐབ་སྡོད་མི་ཚུ་ལུ་ཡང་ ཞི་གཡོགཔ་དང་ ཁྲིམས་སྲུང་འགག་པའི་གནས་ཚང་ དེ་ལས་ བརྟེན་སྡོད་མི་དང་ སློབ་ཕྲུག་ སྦྱོང་བརྡར་པ་ཚུ་བཟུམ་སྦེ་ གོ་སྐབས་གནང་པ་ཅིན་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།

སྤྱིར་བཏང་བཙག་འཐུའི་དོན་ལུ་ སྤྱི་ཟླ་༡༠ པའི་ཚེས་༡༠ ལས་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས་ནང་ ཚོགས་རྒྱན་བསྐྱུར་ནི་ འགོ་བཙུགས་མི་དེ་ ད་རིས་ མཇུག་ཨིན་པས།

ཀྲོང་གསར་ཁྲོམ་ཁར་ ཚོད་བསྲེ་ཚོང་པ་ཅིག་གིས་ སླབ་མིའི་ནང་ མི་ཚུ་གིས་ འགྲེམ་ཐོག་རྒྱན་ཤོག་གྱི་ མཐུན་རྐྱེན་འཐོབ་དགོ་པ་ཅིན་ རྨགཔ་ ཡང་ཅིན་ གནས་ཚང་དེ་ ཞི་གཡོགཔ་དང་ ལས་འཛིན་ ལས་འགུལ་ཚུ་ནང་ལས་ཕར་ ལཱ་འབད་མི་རྐྱངམ་གཅིག་གིས་ཐོབ་ཟེར་ སླབ་མི་ལུ་བརྟེན་ ཐོ་བཀོད་ཡང་ མ་འབད་ཟེར་ཨིན་པས།

མོ་རའི་རྨགཔ་དེ་ཡང་ དེད་གཡོགཔ་དང་ ཚོང་རྐྱབ་མི་ཅིག་ཨིནམ་ལས་ ཁོང་གཉིས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ནི་གི་  ཞབས་ཏོག་དེ་ མ་ཐོབ་ཟེར་ གསར་སྤང་འཇིགས་མེད་ཆོས་གླིང་ལས་ཨིན་མི་ དེའུ་མ་ཡ་གིས་ བཤདཔ་ཨིན་པས།

མོ་གིས་འབད་བ་ཅིན་ མོ་ལུ་ ཨ་ལོ་༢ ཡོདཔ་ལས་ ཚོགས་རྒྱན་བཙུགས་པར འགྱོ་ནི་ལུ་ ལཱ་ཁག་གཏང་ནི་དང་ ད་རེས་ནངས་པར་ ས་གནས་ཨོ་སི་ལུ་ ལམ་བསུབས་ཏེ་ཡོདཔ་ལས་ ག་དེ་སྦེ་ འགྱོ་ནི་ཨིན་ན་ཟེར་ ཚ་གྱང་ལང་སྟེ་ཡོད་ཟེར་ཨིན་པས།

ཟ་ཁང་བཙུགས་སྡོད་མི་ ཀུ་མ་རི་ ག་ལེ་གིས་ སླབ་མིའི་ནང་ མ་གཞི་ མོ་རའི་རྨགཔ་ མང་སྡེ་ཆུ་གློག་མེ་ལས་འཛིན་ནང་ ལཱ་འབད་མི་ལུ་བརྟེན་ ཞབས་ཏོག་ཐོབ་ཡོད་རུང་ ཟ་ཁང་ནང་ ལཱ་འབད་མི་ཚུ་ མ་ཐོབ་ཟེར་ཨིནམ་ད་ ཧེ་མ་ མོ་རའི་རྨགཔ་དེ་ རྫོང་ཁག་བཙག་འཐུ་འགོ་དཔོན་ཡིག་ཚང་ནང་ འགྲེམ་ཐོག་ཚོགས་རྒྱན་གྱི་དོན་ལུ་ ཐོ་བཀོད་འབད་བར་ འགྱོ་བའི་སྐབས་ ཡོངས་འབྲེལ་ནང་ར་ མིང་མེདཔ་ལས་ མི་ཐོབ་ཟེར་ སླབ་ནི་དེ་གིས་ སྤྱིར་བཏང་བཙག་འཐུའི་དོན་ལུ་ ཐོ་བཀོད་འབད་བར་ མ་འགྱོ་ཟེར་ཨིན་པས།

བསམ་རྩེ་ལས་ཨིན་མི་ ཀུ་མ་རི་ ག་ལེ་གིས་འབད་བ་ཅིན་ ཚོགས་རྒྱན་བཙུགས་པར་ མོ་གི་ རྫོང་ཁག་ནང་ འགྱོ་བའི་སྐབས་ ཟད་འགྲོ་ལྕི་དྲགས་གནས་དོ་ཡོད་རུང་ ཚོགས་རྒྱན་དེ་ ལོ་༥ འི་བར་ན་ཚར་རེ་ བཙུགས་ནི་གི་ གོ་སྐབས་འཐོབ་ནི་མེདཔ་ལས་ དེ་རེས་ ཚོགས་རྒྱན་བཙུགས་པར་ འགྱོ་ནི་སྦེ་ ཐག་བཅད་དེ་ཡོད་ཟེར་ཨིན་པས།

འགྲེམ་ཐོག་ཚོགས་རྒྱན་གི་ བཅའ་ཡིག་དང་ སྒྲིག་གཞི་༢༠༡༨ ཅན་མ་དང་འཁྲིལཝ་ད་ འགྲེམ་ཐོག་ཚོགས་རྒྱན་དེ་ཡང་ དོན་གཅོད་ཡིག་ཚང་ཚུ་ནང་ ལཱ་འབད་མི་དང་ ཕྱིའི་རྒྱལ་ཁབ་ནང་ དམིགས་བསལ་དུ་ གཞུང་གི་སྒྲིག་རྒྱུག་སྡོད་མི་ དྲག་ཁག་གསུམ་གྱི་ དམག་མི་དང་ ཞི་གཡོགཔ་ཚུ་དང་ བརྟེན་སྡོད་མི་ ཨམ་སྲུ་ སློབ་ཕྲུག་ དེ་ལས་ སྦྱོང་བརྡར་པ་ཚུ་གིས་ཐོབ་ཟེར་ བཀོད་དེ་འདུག།

ཀྲོང་གསར་རྫོང་ཁག་བཙག་འཐུ་འགོ་དཔོན་ དངོས་གྲུབ་ཀྱིས་འབད་བ་ཅིན་ འགྲེམ་ཐོག་ཚོགས་རྒྱན་གྱི་ བཅའ་ཡིག་དང་ སྒྲིག་གཞི་ནང་ ལྷན་ཚོགས་ཀྱིས་ གཞུང་དང་ གྲོས་བསྟུན་འབད་ཐོག་ལས་ སྒེར་སྡེ་ཅིག་གིས་ ཚོགས་རྒྱན་བཙུགས་ནིའི་ གོ་སྐབས་བྱིན་མི་དེ་ དེ་ལུ་བརྟེན་ཨིན་ཟེར་ཨིན་པས།

ཨིན་རུང་ ལས་སྡེ་ཚུ་གིས་ ཞབས་ཏོག་ཀྱི་དོན་ལུ་ ཞུ་ཡིག་བཙུགས་དགོཔ་བཞིན་དུ་ ལྷན་ཚོགས་ཀྱི་ དགོས་མཁོ་དང་འཁྲིལ་ ཞབས་ཏོག་དེ་ ཕུལ་ཡི་ཟེར་ བཤདཔ་ཨིན་པས།

ཀྲོང་གསར་རྫོང་ཁག་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༡༠,༢༥༠ ཡོད་མི་ལས་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ཀྱི་དོན་ལུ་ མི་༣,༣༦༤ གིས་ ཐོ་བཀོད་འབད་ཡོད་པའི་གནས་ཚུལ།

ཀྲོང་གསར་ལས་ ཨོ་རྒྱན་རྡོ་རྗེ།

About admin

Check Also

ལཱ་གཡོག་མ་ཐོབ་མི་དེ་ གནད་དོན་ག་ཅི་ཨིན་ན?

༉ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་དང་འཁྲིལ་བ་ཅིན་ ལཱ་གཡོག་ཐོབ་མི་ཚུགས་པས་ཟེརཝ་ད་ ཧེ་མ་ ལཱ་འབད་ར་ མ་འབད་མི་ལུ་གོ་ཟེར་ཨིནམ་ད་ ལཱ་གཡོག་མེད་མི་ཚུ་གི་གྲས་ལས་ ལཱ་གི་ཉམས་མྱོང་མེད་མི་དེ་ མཐོ་ཤོས་ཨིནམ་སྦེ་ གསལ་སྟོན་འབད་ནུག། དེ་ཡང་ འཕྲལ་ཁམས་ཅིག་ཁར་ གསལ་སྟོན་འབད་མི་ སྤྱི་ལོ་༢༠༡༨ ཀྱི་ …

Leave a Reply

Your email address will not be published. Required fields are marked *