ཚེམ་རྐྱབ་མི་ སངས་རྒྱས་ཆོས་སྒྲོན་དང་ ཆ་རོགས་ཚུ།

ཚོང་ཁང་གསརཔ་གིས་ སྤུས་ཚད་དང་ལྡན་པའི་ མི་སྡེའི་ཞབས་ཏོག་བྱིན་ནི།

༉ རྒྱལ་ཁབ་ནང་ ནད་ཡམས་ཀོ་བིཌ་-༡༩ ལྷོད་མི་ལུ་བརྟེན་ ས་མཚམས་སྒོ་ར་ཚུ་ སྒོ་བསྡམས་པའི་ཤུལ་ལས་ བསམ་གྲུབ་ལྗོངས་མཁར་ཁྲོམ་ནང་ སྡོད་མི་ཚུ་གིས་ ཐ་ན་ གོ་དང་དཀྱི་ར་ཚུ་ བཙེམ་མ་ཚུགས་པའི་ གདོང་ལེན་བྱུང་ནུག།
དེ་ཡང་ བསམ་གྲུབ་ལྗོངས་མཁར་ཁྲོམ་ནང་ ཚེམ་ཁང་གཞི་བཙུགས་འབད་མི་ མང་ཤོས་ར་ ས་མཚམས་ཕྱི་ཁའི་ མི་ཚུ་ཨིནམ་བཞིན་དུ་ ནད་ཡམས་ལུ་བརྟེན་ ས་མཚམས་སྒོ་ར་ཚུ་ སྒོ་བསྡམས་པའི་ཤུལ་ལས་ ཁོང་ཆ་ཁྱབ་ རྒྱལ་ཁབ་ནང་ འོང་མ་ཚུགས་མི་ལུ་བརྟེན་ཨིན་པས།
ཨིན་རུང་ འདས་པའི་ཟླཝ་ནང་ བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེའི་ མི་སྡེ་ལྷབ་སྦྱང་ལྟེ་བ་གིས་ ཚེམ་ཁང་ཅིག་ གཞི་བཙུགས་འབད་ཡོད་མི་ལུ་བརྟེན་ ད་ལས་ཕར་ ཁྲོམ་ཁར་སྡོད་མི་ཚུ་གིས་ ཚེམ་ཁང་དང་འབྲེལ་བའི་ གཞི་རྟེན་ཞབས་ཏོག་ཚུ་ སྤྱོད་མ་ཚུགས་པའི་ དཀའ་ངལ་མི་འབྱུང་ནི་ཨིན་པས།
ཚེམ་ཁང་དེ་གིས་ གོ་དང་དཀྱི་ར་ སྟོད་གོ་ ཁ་རས་ དོརམ་ཁེན་ཇར་ དེ་ལས་ དཔེ་ཆ་སྤུར་རས་ བླ་བྲེས་ སྤྱན་གཟིགས་དར་དཔྱངས་ལ་སོགས་པའི་ ཆོས་མཆོད་ཀྱི་རིགས་ཚུ་ཡང་ བཙེམ་དོ་ཡོདཔ་ད་ བདུན་ཕྲག་༡ དེ་ཅིག་ནང་ ཁ་རས་༤༠༠ ལྷགཔ་ཅིག་ ཚོང་འབྲེལ་འཐབ་ཡོདཔ་ཨིན་པས།
ལཱ་འབད་མི་ ལས་སྐྱིད་དབང་མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཚེམ་ཁང་དེ་ ཧེ་མ་ལས་ གཞི་བཙུགས་འབད་ནིའི་ དམིགས་ཡུལ་ཡོད་ཟེར་ཨིན་རུང་ ཁྲོམ་ཁར་ ཚེམ་ཁང་གི་ཞབས་ཏོག་ཚུ་ ས་མཚམས་ཕྱི་ཁའི་ མི་ཚུ་གིས་ བྱིན་དོ་ཡོདཔ་མ་ཚད་ འབྲུག་མི་ཚུ་གིས་ཡང་ ཁོང་ལུ་ར་ གདམ་ཁ་རྐྱབ་དོ་ཡོདཔ་ལས་ བཙུགས་མ་ཚུགས་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ ད་རེས་ ཁྲོམ་ཁའི་ཚེམ་ཁང་ཚུ་ མང་ཤོས་ར་ སྒོ་བསྡམས་ཡོདཔ་ལས་ མི་ཚུ་གིས་ ཞབས་ཏོག་དེ་ཚུ་ འཐོབ་མ་ཚུགས་པའི་ གདོང་ལེན་ཡོདཔ་ལས་ ལྟེ་བ་གིས་ ཞབས་ཏོག་བྱིན་ཐབས་ལུ་ བསམ་ལྗོངས་མི་སྡེའི་ཚེམ་ཁང་ཅིག་ གཞི་བཙུགས་འབད་ཡི་ཟེར་ཨིན་པས།
ཨིན་རུང་ འབྲུག་མི་ཚུ་གིས་ཡང་ ས་མཚམས་ཕྱི་ཁའི་མི་ཚུ་ར་ གདམ་ཁ་རྐྱབ་དོ་ཡོདཔ་མ་ཚད་ ཧེ་མ་ གཞི་ལེགས་ཤོམ་ཚུད་ཡོད་མི་ལུ་བརྟེན་ ཁོང་ཆ་ཁྱབ་ཀྱིས་ ཁྲོམ་ཁར་ ཚེམ་ཁང་ཚུ་ ལོག་སྟེ་ར་ སྒོ་ཕྱེ་བའི་སྐབས་ དོ་འགྲན་འབྱུང་ནི་མས་ཟེར་ ལས་སྐྱིད་དབང་མོ་གིས་ བཤདཔ་ཨིན་པས།
སངས་རྒྱས་ཆོས་སྒྲོན་གྱིས་ སླབ་མིའི་ནང་ ད་རེས་ ཁྲོམ་ཁའི་ ཚེམ་ཁང་མང་ཤོས་ཅིག་གི་ ཞབས་ཏོག་ཚུ་ སྤུས་ཚད་ལེགས་ཤོམ་མིན་འདུག་ཟེར་ཨིནམ་ད་ བསམ་ལྗོངས་མི་སྡེའི་ཚེམ་ཁང་གིས་ དུས་ཡུན་ཐུང་ཀུ་ཅིག་ནང་ སྤུས་ཚད་ལྡན་པའི་ ཞབས་ཏོག་སྤྲོད་ནི་ལུ་ རྩ་འགེངས་ནི་དང་ གོང་ཚད་ཐད་ལས་འབད་རུང་ དམའ་སུ་སྦེ་ བྱིན་ནི་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ འབྲུག་མི་ཚུ་ལུ་ཡང་ གོ་སྐབས་བྱིན་པ་ཅིན་ སྤུས་ཚད་ལྡན་པའི་ ཞབས་ཏོག་སྤྲོད་མ་ཚུགས་པའི་ ཐེ་ཚོམ་མེདཔ་ལས་ འབྲུག་མི་ཚུ་གིས་ ས་མཚམས་ཕྱི་ཁའི་མི་ཚུ་གིས་ ཞབས་ཏོག་ལེགས་ཤོམ་བྱིནམ་མས་ཟེར་ མནོ་བསམ་བཏང་དོ་ཡོད་མི་དེ་ བསྒྱུར་བཅོས་འབད་དགོཔ་ ཁག་ཆེ་བས་ཟེར་ཨིན་པས།
རྟེན་འབྲེལ་བཟང་མོ་གིས་ སླབ་མིའི་ནང་ ཚེམ་ཁང་གིས་ སྟོད་གོ་༡ བཙེམ་ད་ དངུལ་ཀྲམ་༡༥༠ དང་ གོ་༡ ལུ་ དངུལ་ཀྲམ་༩༥༠ མཆོད་ཁེབས་མི་ཊར་༡ ལུ་ དངུལ་ཀྲམ་༡༠༠ དང་ བླ་བྲེས་༡ ལུ་ དངུལ་ཀྲམ་༡,༥༠༠ རེ་ སླབ་དོ་ཡོད་རུང་ གོས་ཆེན་གྱི་ཁྱད་པར་ལུ་ རག་ལས་འོང་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ལྟེ་བ་གིས་ ཚེམ་ཁང་དེ་ མི་ཚུ་ལུ་ ཞབས་ཏོག་བྱིན་ནི་ལུ་དམིགས་ཏེ་ གཞི་བཙུགས་འབད་ཡོདཔ་བཞིན་དུ་ ད་ལས་ཕར་འབད་རུང་ སྤུས་ཚད་ལྡན་པའི་ ཞབས་ཏོག་སྤྲོད་ནི་ལུ་ རྩ་འགེངས་ནི་ཨིནམ་ལས་ ཚོང་འབྲེལ་ལེགས་ཤོམ་འགྱོ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
ཁྲོམ་སྡེའི་ཤེས་རིག་འགོ་དཔོན་ རྡོ་རྗེ་རྒྱལ་པོ་གིས་ སླབ་མིའི་ནང་ ཚེམ་རྐྱབ་མི་ཚུ་གིས་ ཤེས་རིག་ལྷན་ཁག་འོག་གི་ ན་ལོན་དང་ མཐོ་རིམ་ཤེས་ཡོན་ལས་ཁུངས་ཀྱི་ གཞི་རྟེན་དང་ འཕྲོ་མཐུད་ཤེས་ཡོན་སྡེ་ཚན་གྱིས་ མ་དངུལ་དང་ འཕྲུལ་ཚེམ་ཚུ་ རྒྱབ་སྐྱོར་ཐོག་ལས་ མི་ཚེ་སྐྱོང་ཐབས་ལུ་ རིག་རྩལ་ལ་སོགས་པའི་ སྦྱོང་བརྡར་ཚུ་ བྱིན་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཚེམ་རྐྱབ་མི་ཚུ་གིས་བཟོ་མི་ འོང་འབབ་ཐོག་ལས་ བརྒྱ་ཆ་༥༠ ཁོང་རང་འབག་ནི་དང་ བརྒྱ་ཆ་༥༠ འཕྲུལ་ཚེམ་བཅོ་ཁ་རྐྱབ་ནི་ གློག་མེ་དང་ཆུ་ཁྲལ་བཏབ་ནི་ ཚོང་གི་ཆོག་ཐམ་དང་ ཚེམ་ཁང་གི་ ཁང་གླ་སྤྲོད་ནི་ཚུ་གི་དོན་ལུ་ ལྟེ་བའི་ནང་ བཞག་དོ་ཟེར་ ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

 

About admin

Check Also

ཁྲིམས་སྲུང་འགག་པ་གིས་ ཆ་རོགས་ཅིག་ལུ་ གྱི་གསོབ་ཡོདཔ།

༉ སྤྱི་ཟླ་༩ པའི་ཚེས་༢༢ ལུ་ སྐྱེས་ལོ་༢༠ ལང་མི་ ཁྲིམས་སྲུང་འགག་པ་གིས་ ཕུན་ཚོགས་གླིང་ལས་ སྐྱེས་ལོ་༢༣ ལང་མི་ ཁྲིམས་སྲུང་འགག་པ་ཅིག་ལུ་ གྱི་གསོབ་པའི་ཤུལ་ལས་ སྨན་ཁང་ནང་ འབག་འགྱོ་བའི་ལམ་ཁར་ ཤི་སོཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *