ཚོགས་དཔོན་དབང་ཕྱུག་རྣམ་རྒྱལ།

ཚོགས་དཔོན་གྱིས་ སྤྱི་ཚོགས་༣ པའི་ ཚོགས་ཐེངས་དང་པའི་དོན་ལུ་ གྲ་སྒྲིག་འབད་དོ་ཡོདཔ།

༉ ཤེས་རིག་ནང་ མི་ལོ་༢༠ ལྷགཔ་ཅིག་ཕྱག་ཞུ་བའི་ཤུལ་ལས་ དབང་ཕྱུག་རྣམ་རྒྱལ་གྱིས་ སྤྱི་ཚོགས་༣ པའི་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་གྱི་གོ་གནས་ བཞེས་ཡོདཔ་ཨིན་པས།
ཚོགས་དཔོན་དབང་ཕྱུག་རྣམ་རྒྱལ་གྱིས་ བཤད་མིའི་ནང་ ཚོགས་དཔོན་འབད་ནིའི་ རེ་བ་མ་བསྐྱེད་ཟེར་ཨིནམ་ད་ ཁོ་ར་ སྤྱི་ཚོགས་ཀྱི་འཐུས་མི་ཅིག་སྦེ་ མི་སེར་དང་ རྒྱལ་ཁབ་ཀྱི་དོན་ལུ་ ཕྱག་ཞུ་ནིའི་ མནོ་བསམ་བཏང་སྡོད་ཅི་ཟེར་ཨིན་པས།
ཨིན་རུང་ བཙག་འཐུའི་བྱ་རིམ་ལུ་བརྟེན་ གནས་སྟངས་གྱུར་ཡོདཔ་ལས་ འགན་ཁུར་སྦོམ་ཕོག་ཅི་ཟེར་ ཨིན་པས།
སྐྱེས་ལོ་༥༥ ལང་མི་ ཚོགས་དཔོན་གྱིས་ སླབ་མིའི་ནང་ ཁོ་ར་དང་པ་ རྒྱལ་ཡོངས་ཚོགས་འདུ་ཡིག་ཚང་ནང་ གོམས་འདྲིས་ཚུད་ནི་དང་ གནས་སྟངས་ཚུ་ ཧ་གོ་ནི་ དེ་ལས་ ལས་བྱེདཔ་ཚུ་གི་སྐོར་ལས་ ལེགས་ཤོམ་སྦེ་ ཤེས་ཚུགསཔ་བཟོ་ནི་ཟེར་ཨིན་པས།
རྒྱལ་ཡོངས་ཚོགས་འདུ་ནང་ དེ་འཕྲོ་ལས་ ལཱ་འབད་དགོཔ་དེ་ འཆར་གཞི་༡༢ པ་ ཆ་འཇོག་འབད་ནི་ཨིནམ་ལས་ དེའི་དོན་ལུ་ གྲ་སྒྲིག་འབད་ནི་དེ་ གཙོ་རིམ་ཅན་གྱི་ ལས་སྣ་ཨིན་ཟེར་ ཚོགས་དཔོན་མཆོག་གི་ བཤད་ཡོདཔ་ཨིན།
ཁོ་གིས་འབད་བ་ཅིན་ ཁོ་རའི་ ཤེས་ཡོན་གྱི་རྒྱབ་ཁུངས་ནང་ རྒྱལ་ཡོངས་ཚོགས་འདུའི་བར་ན་ གདམ་ཁ་མེདཔ་ལས་ ཁོ་རའི་ གདམ་ཁ་ལས་ རྒྱལ་ཡོངས་ཀྱི་ མཐའ་དོན་གལ་ཆེ་ཟེར་ཨིནམ་ད་ ཚོགས་དཔོན་འབད་དགོཔ་དེ་ རྒྱལ་ཡོངས་ཀྱི་གདམ་ཁ་འབདཝ་ལས་ ལྷག་བསམ་རྣམ་དག་གི་སྒོ་ལས་ ཕྱག་ཞུ་ནི་ཟེར་ཨིན་པས།
ཁོ་ར་ ཤེས་རིག་ནང་ རྒྱབ་རྟེན་ཡོད་མི་ཅིག་འབདཝ་ལས་ ད་རེས་ ཁྲིམས་བཟོའི་ཕྱག་འགན་ནང་ སྤོ་བཤུད་འབད་མི་དེ་ ཁོ་ལུ་ བསྒྱུར་བཅོས་སྦོམ་ཤོས་ཅིག་ཨིནམ་ད་ ཚོགས་དཔོན་གྱིས་ ཕྱག་འགན་དེ་ རྩ་འགེངས་བསྣམས་ཞིནམ་ལས་ གདོང་ལེན་བྱུང་མི་ཚུ་ གོ་སྐབས་འབད་ལེན་ཏེ་ ག་ར་དང་མཉམ་འབྲེལ་ཐོག་ ཕྱག་ལཱ་མཛད་ནི་ཟེར་ཨིན་པས།
ཚོགས་དཔོན་གྱིས་ སླབ་མིའི་ནང་ ཚོགས་དཔོན་གྱི་ ལཱ་འགན་འབག་པའི་བསྒང་ལས་ ཞིབ་འཚོལ་འབད་ནི་དང་ ལྷབ་དགོཔ་ དེ་ལས་ གྲོས་བསྟུན་འབད་དགོཔ་ ལེ་ཤ་ཡོདཔ་ལས་ ཁོ་ལུ་ རིག་པ་དང་ཡོན་ཏན་གསརཔ་ ལེ་ཤ་འཐོབ་ནི་མས་ཟེར་ཨིན་པས།
རྒྱལ་ཡོངས་ཚོགས་འདུ་དེ་ ལོ་རེ་ནང་ཚར་༢ ལས་ འཚོགས་མ་དགོཔ་ལས་ དེའི་བར་ན་ལས་ འདེམས་ཁོངས་ནང་ ལྟ་སྐོར་འབད་ནིའི་ དུས་ཚོད་འཚོལ་ཞིནམ་ལས་ གོང་འཕེལ་གྱི་ལས་སྣ་ཚུ་འགྲུབ་ནིའི་ ལཱ་འབད་ནི་ཨིནམ་ལས་ འདེམས་ཁོངས་ལུ་རྒྱབ་སྐྱོར་འབད་ནིའི་ནང་ དཀའ་ངལ་མི་འབྱུང་ཟེར་ བཤདཔ་ཨིན་པས།
ཚོགས་དཔོན་ལུ་ ནང་མི་བཟའ་ཚང་༦ ཡོད་མི་ཚུ་ཡང་ ཁོ་རའི་ ཨའི་དང་གནས་ཚང་ དེ་ལས་ བུམོ་༣ ཡོདཔ་ད་ ཚོགས་དཔོན་གྱིས་ རྒྱ་གར་མ་ད་རཱསི་ལས་ བྱུང་རབས་ནང་ གཙུག་ལག་མཐོ་རིམ་ཤེས་ཡོན་ཡོདཔ་མ་ཚད་ བསམ་རྩེ་རྒྱལ་ཡོངས་ཤེས་རིག་སྤེལ་ཁང་ནང་ལས་ ཤེས་རིག་ནང་ མཐོ་རིམ་གོང་མ་པི་ཇི་ཌི་ཨི་གི་ ཤེས་ཡོན་ཡོདཔ་ཨིན་པས།
དབང་ཕྱུག་རྣམ་རྒྱལ་གྱིས་ ཚོགས་དཔོན་གྱི་གོ་གནས་ མ་བཞེས་པའི་ཧེ་མར་ སྤྱི་ལོ་༢༠༡༢ ལས་༢༠༡༧ ཚུན་ ཉི་མ་སློབ་གྲྭ་ཆེ་བའི་དབུ་འཛིན་དང་ ཤེས་རིག་ལྷན་ཁག་ནང་ སློབ་གྲྭ་ལྟ་རྟོག་གཙོ་འཛིན་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༦ ལས་༢༠༠༨ ཚུན་ ཨིས་ཀའུཊ་གི་ མཉམ་འབྲེལ་མདོ་ཆེན་ཨིནམ་བཞིན་དུ་ སྤྱི་ལོ་༢༠༠༣ ལས་༢༠༠༥ ཚུན་ སྤ་རོ་རྫོང་ཁག་གི་ ཤེས་རིག་འགོ་དཔོན་དང་ སྤྱི་ལོ་༡༩༩༡ ལས་༢༠༠༢ ཚུན་ འབྲུག་རྒྱལ་དང་ བྱ་དཀར་ དེ་ལས་ དབྱངས་ཅན་ཕུག་སློབ་གྲྭ་ཆེ་བའི་ དབུ་འཛིན་སྦེ་ ཕྱག་ཞུ་ཡོད་པའི་གནས་ཚུལ།

ཉིམ་རྡོ་རྗེ།

 

About admin

Check Also

གནས་ཚུལ་མདོར་བསྡུས།

བཀྲིས་སྒང་གི་ ལོ་བསྟར་ཚེས་བཅུ་དེ་ ད་རིས་ལས་ འགོ་བཙུགསཔ་བཞིན་དུ་ ཁ་ཙ་ལས་ བཀྲིས་སྒང་ཁྲོམ་ཁར་ སྡོད་མི་ཚུ་གིས་ རྫོང་གི་ཕྱི་ཁར་ ཚོང་བཙུགས་ནིའི་དོན་ལས་ གྲ་སྒྲིག་འབད་ཡོདཔ་ད་ མི་ལོ་༣༥༩ ལང་མི་ བཀྲིས་སྒང་རྫོང་དེ་ ཉམས་གསོ་ཞུ་ནི་འགོ་བཙུགས་ཞིནམ་ལས་ཚུར་ ལོ་བསྟར་ཚེས་བཅུ་དེ་ …

Leave a Reply

Your email address will not be published. Required fields are marked *