བཀྲིས་ཆོས་རྫོང་གི་རྡོ་གཅལ་ནང་ དགེ་སློང་ཚུ་གིས་ འཆམ་རྒྱུགས་ཕུལ་བའི་བསྒང་།

ཚེས་བཅུ་དང་ འབུམ་མཆོད་ལས་རིམ་ཚུ་ རྫོང་ནང་ན་ འགོ་འདྲེན་འཐབ་ནི།

༉ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་གིས་ རྒྱལ་ཁབ་ནང་ དུས་ཅི་ལོའི་ ཚེས་བཅུ་དང་ དུས་མཆོད་འབུམ་སྡེ་ལ་སོགས་པའི་ ལས་རིམ་ཚུ་ རྫོང་གཞིས་དང་ དགོན་སྡེ་ཁག་ དེ་ལས་ ལྷ་ཁང་ནང་ན་ར་ འགོ་འདྲེན་འཐབ་དགོ་པའི་ གསལ་བསྒྲགས་འབད་ནུག།
དེ་ཡང་ རྒྱལ་ཁབ་ནང་ ནད་ཡམས་ཀོ་བིཌ་-༡༩ དར་ཁྱབ་འགྱོ་ནི་ལས་ བཀག་ཐབས་ལུ་དམིགས་ཏེ་ཨིནམ་ད་ གཞུང་དགེ་འདུན་གྲྭ་ཚང་ཀྱིས་ གྲོས་འཆར་ཕུལ་མི་དང་འཁྲིལ་ཏེ་ ལྷན་ཁག་གིས་ རྫོང་ཁག་༢༠ འི་ རྫོང་བདག་ཚུ་ལུ་ གསལ་བསྒྲགས་འབད་ནུག།
གཞུང་གྲྭ་ཚང་གི་ ཡོངས་ཁྱབ་དྲུང་ཆེན་ བླམ་ཡེ་ཤེས་ཀྱིས་ སླབ་མིའི་ནང་ ནང་སྲིད་ལྷན་ཁག་གིས་ དུས་ཅི་ སྤྱི་ཟླ་༣ པའི་ནང་ གསལ་བསྒྲགས་གནང་མི་ལུ་ བསྒྱུར་བཅོས་མེདཔ་ལས་ ནད་ཡམས་ཀོ་བིཌ་-༡༩ མ་ཞི་ཚུན་ཚོད་ གསལ་བསྒྲགས་དེ་ལུ་ གནས་དགོ་ཟེར་ཨིན་པས།
གསལ་བསྒྲགས་དང་འཁྲིལཝ་ད་ ཚེས་བཅུ་དང་ གཏན་འཇགས་ཀྱི་ ཆོ་གའི་གསུང་ཆོག་ དགེ་སློང་གི་ གར་འཆམ་ལ་སོགས་པ་ཚུ་ རྫོང་གཞིས་དང་ ལྷ་ཁང་ནང་ན་ སྔར་བཞིན་གནང་ཆོག་ནི་ཨིན་རུང་ བོད་འཆམ་དང་ གླུ་གཞས་ཀྱི་རིགས་ མི་སྤུངས་འཛོམས་ དེ་ལས་ ལྟདམོ་བལྟ་མི་ལ་སོགས་པ་ཚུ་ འབད་མི་ཆོག་ཟེར་ཨིན་པས།
ལྷ་མོའི་སྒྲུབ་ཆེན།
རྒྱལ་ཁབ་ནང་འཁོད་ཀྱི་ རྫོང་གཞིས་དང་ དགོན་སྡེ་ཚུ་ནང་ ད་རེས་ཀྱི་ཟླཝ་ལས་ ལོ་བསྟར་ཚེས་བཅུ་ཚུ་ འགོ་བཙུགས་ནི་ཨིནམ་ད་ ཐིམ་ཕུག་གི་ ལྷ་མོའི་སྒྲུབ་ཆེན་གྱི་ གསུང་ཆོག་གནང་ནི་ འགོ་བཙུགས་ཡོདཔ་ཨིན་པས།
སྤྱི་ཟླ་༩ པའི་ཚེས་༨ ལུ་ ཐིམ་ཕུག་བཀྲིས་ཆོས་རྫོང་གི་ རྡོ་གཅལ་ནང་ གཞུང་དགེ་འདུན་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་ དབུ་བཞུགས་ཐོག་ དགེ་སློང་ཞལ་གྲངས་༣༠༠ དེ་ཅིག་གིས་ ལྷ་དབང་སྒྲུབ་མཆོད་ཀྱི་ འཆམ་རྒྱུགས་ཕུལ་ཡོདཔ་ད་ ལོ་བསྟར་ ཐིམ་ཕུག་གི་ སྒྲུབ་མཆོད་ཐེངས་༣༡༠ པ་དེ་ སྤྱི་ཟླ་༩ པའི་ཚེས་༢༢ ལུ་ འགོ་འདྲེན་འཐབ་ནི་ཨིན་པས།
དེ་གི་ཤུལ་ལས་ སྤྱི་ཟླ་༩ པའི་ཚེས་༢༦ ལས་ ཐིམ་ཕུག་གི་ ལོ་བསྟར་ཚེས་བཅུ་ཐེངས་༣༣༣ པ་དེ་ འགོ་འདྲེན་འཐབ་ནི་ཨིནམ་ད་ བླམ་ཡེ་ཤེས་ཀྱིས་ སླབ་མིའི་ནང་ ད་ལྟོ་ ལྷ་དབང་སྒྲུབ་ཆེན་དང་ ཚེས་བཅུ་འགོ་འདྲེན་འཐབ་ནི་གི་ བཅའ་སྒྲིག་ཚུ་ རྐྱབ་པའི་བསྒང་ཡོད་ཟེར་ཨིན་པས།
ཐིམ་ཕུག་ལྷ་མོའི་སྒྲུབ་ཆེན་དེ་ སྤྱི་ལོ་༡༧༠༩ ལུ་ ཞབས་དྲུང་རིན་པོ་ཆེའི་སྲས་ གྲུབ་ཆེན་ཏི་ལི་པའི་སྤྲུལ་སྐུ་ འཇམ་དཔལ་རྡོ་རྗེའི་ཡང་སྲིད་ རྒྱལ་སྲས་ཀུན་དགའ་རྒྱལ་མཚན་གྱིས་ ལྕགས་རི་དགོན་པ་ལུ་ སྐུ་མཚམས་གནང་བཞུགསཔ་ད་ དཔལ་ལྡན་ལྷ་མོའི་ཞལ་དངོས་སུ་གཟིགས་ཏེ་ གར་བསྒྱུར་གནང་མི་འདི་ལུ་ གཞིར་བཞག་སྟེ་ སྲོལ་བཙུགས་གནང་གནངམ་ཨིན་པས།
ལྷ་མོའི་སྒྲུབ་ཆེན་དེ་ དཔལ་ལྡན་འབྲུག་པའི་ བླ་ན་མེད་པའི་བཀའ་སྲུང་ དཔལ་ཡེ་ཤེས་ཀྱི་མགོན་པོ་དང་ ལས་ཀྱི་མགོན་པོ་ དེ་ལས་ དཔལ་ལྡན་ལྷ་མོ་བཅས་ མགོན་པོ་ལྕམ་དྲལ་རྣམ་གསུམ་ལུ་ གཏང་རག་གི་མཆོད་པ་ཕུལ་བའི་ དུས་ཚོད་ཅིག་ཨིན་པས།
བླམ་ཡེ་ཤེས་ཀྱིས་འབད་བ་ཅིན་ གསོ་བ་ལྷན་ཁག་གི་ ཀོ་བིཌ་-༡༩ འི་ལམ་སྟོན་དང་འཁྲིལ་ཏེ་ རྒྱང་མཐོང་ལས་རིམ་ནང་ དངོས་མཐོང་སྦེ་ ལྷ་དབང་སྒྲུབ་ཆེན་གྱི་ ལྷམོ་གཙོ་མོ་མ་གཏོགས་ གཞན་ཚུ་ མི་མང་ལུ་ མཇལ་ཁ་མི་གནང་ཟེར་ཨིན་པས།
ལྷམོ་གཙོ་མོའི་དངོས་འཆམ་དེ་ རྒྱལ་སྲས་ཀུན་དགའ་རྒྱལ་མཚན་གྱིས་ དག་སྣང་ལུ་མཇལ་ཏེ་ ལུང་བསྟན་ཐོབ་པའི་གནང་བ་དང་འཁྲིལ་ཏེ་ ལྷ་མོའི་སྐུ་འཆམ་ཚུ་ གསར་བརྩམས་མཛད་ཡོདཔ་ལས་ གཏེར་འཆམ་མཐོང་གྲོལ་ཆེན་མོ་དང་ ལྷ་མོའི་དངོས་འཆམ་མཇལ་བ་ཙམ་གྱིས་ རང་གི་སྡིག་སྒྲིབ་དག་ནི་དང་ རྐྱེན་བར་ཆད་སེལ་ནི་ དེ་ལས་ དད་པ་སྦོམ་བསྐྱེད་དེ་ གསོལ་བ་བཏབ་པ་ཅིན་ མཆོད་དང་ཐུན་མོང་གི་ དངོས་གྲུ་འཐོབ་ནི་ཨིན་པས།
བླམ་ཡེ་ཤེས་ཀྱིས་ སླབ་མིའི་ནང་ འདས་པའི་ཟླཝ་དག་པ་ཅིག་ནང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ མི་མང་ལུ་ རྒྱང་མཐོང་ནང་ སངས་རྒྱས་སྨན་བླ་ སྒོམ་དགོ་པའི་སྐོར་ལས་ གསུངས་མི་དང་འཁྲིལ་ཏེ་ རྒྱང་མཐོང་ནང་འབད་རུང་ བྱིན་རླབས་འཐོབ་ཟེར་ཨིན་པས།
དགེ་སློང་ཚུ་གིས་ ཐིམ་ཕུག་ཚེས་བཅུའི་དོན་ལུ་ འདུ་ཁང་ནང་ སྦྱང་བ་འབད་ནི་ཨིན་རུང་ མི་མང་ལུ་ གསལ་སྟོན་འབད་ནི་དེ་ གསོ་བའི་ལམ་སྟོན་དང་འཁྲིལ་ཏེ་ ཆ་མེད་བཏང་ཡོདཔ་ད་ ལས་རིམ་ནང་ གྲལ་གཏོགས་འབད་མི་ཚུ་ལུ་ ནད་ཡམས་སྔོན་འགོག་དང་ ཉེན་སྲུང་གི་ཐབས་ལམ་ཚུ་ དམ་དམ་སྦེ་ར་ ལག་ལེན་འཐབ་འོང་ཟེར་ ཡོངས་ཁྱབ་དྲུང་ཆེན་གྱིས་ བཤད་ཅི།
ཁོ་གིས་འབད་བ་ཅིན་ དཔལ་ལྡན་ལྷ་མོ་དེ་ ནད་ཡམས་ཞི་ནིའི་ བཀའ་སྲུང་གཙོ་བོ་ཅིག་ཨིནམ་ལས་ དུས་ཅི་ ག་ར་གིས་ མོ་ལུ་ གསོལ་བ་བཏབ་དགོ་ཟེར་ཨིན་པས།
ནང་སྲིད་བློན་པོ་ ཤེས་རབ་རྒྱལ་མཚན་གྱིས་ བཤད་མིའི་ནང་ རྒྱལ་ཡོངས་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་གིས་ སྤུ་ན་ཁ་སེའུ་ལ་བྱམས་མགོན་གྱི་ ཚེས་བཅུ་དེ་ མི་༢༠-༣༠ དེ་ཅིག་ གྲལ་གཏོགས་འབད་ཐོག་ལས་དང་ བུམ་ཐང་སྤྲ་དཀར་མགོན་པོའི་གཏོར་རྒྱབ་དེ་ཡང་ མི་༢༠ དང་ དབང་འདུས་ཕོ་བྲང་སྒང་སྟེང་ཚེས་བཅུ་དེ་ ལྷ་ཁང་ནང་ན་ འགོ་འདྲེན་འཐབ་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་གོ་སྐབས་ཚུ་ འདྲ་མཉམ་ཐོབ་སྟེ་ཡོདཔ།

༉ འདས་པའི་ལོ་ངོ་༧༥ འི་རིང་ བཟའ་ཚང་ས་ཡ་ལས་བཅད་མི་ཚུ་ དབུལ་ཕོངས་དང་ འཐབ་འཛིང་ དེ་ལས་ དཀའ་ངལ་ཚུ་ནང་ལས་ བཏོན་ཚུགས་ཡོདཔ་མ་ཚད་ ས་གནས་ཀྱི་ཆགས་ཚུལ་དང་ རྒྱལ་ཁབ་ཀྱི་ཆེ་ཆུང་གི་ཁྱད་པར་ ག་དེ་སྦེ་ར་ཡོད་རུང་ འཛམ་གླིང་གི་ འཐུས་མི་ཅིག་ཨིན་མི་དང་འཁྲིལ་ འབྲུག་གིས་ …

Leave a Reply

Your email address will not be published. Required fields are marked *