ཁ་ཙ་ བཀྲིས་ཆོས་རྫོང་གི་ཕྱི་ཁར་ རྟེན་འབྲེལ་ཐང་ནང་སྦེ་ རྒྱལ་གཞུང་འཆམ་དང་ ཟློས་གར་སྤེལ་ཁང་གིས་ འཆམ་རྐྱབ་མི་ཚུ་གིས་ ཤཝ་དང་ ཤ་ཁྱིའི་གར་འཆམ་སྤྱན་འབུལ་ཞུ་བའི་བསྒང་།

ཚེས་བཅུ་དང་ གར་འཆམ་ཚུ་གི་ རྒྱབ་ཁུངས་དང་ དགོས་དོན་མདོར་བསྡུས།

དུས་རབས་༨ པའི་ནང་ སངས་རྒྱས་གཉིས་པ་ ཨྱོན་གུ་རུ་རིན་པོ་ཆེ་མཆོག་ འབྲུག་རྒྱལ་ཁབ་ཀྱིས་གཙོས་པའི་ ཧི་མ་ལ་ཡའི་ གངས་ལྗོངས་ནང་ ཞབས་ཀྱིས་བཅགས་ བྱིན་གྱིས་བརླབས་གནང་སྟེ་ གསང་སྔགས་ཀྱི་ཆོས་ དར་ཁྱབ་གནང་ཞིནམ་ལས་ཚུར་ རྒྱལ་ཁབ་ནང་འཁོད་ལུ་ ཚེས་བཅུ་དང་ གར་འཆམ་གྱི་ སྲོལ་བཙུགས་གནང་ནུག།

ཚེས་བཅུ་ཟེར་མི་དེ་ གུ་རུ་རིན་པོ་ཆེ་ལུ་ གསོལ་མཆོད་ཕུལ་བའི་ དུས་སྟོན་རྩ་ཆེ་ཤོས་ཅིག་ཨིན་མི་དེ་ཡང་ ཨྱོན་གུ་རུ་རིན་པོ་ཆེ་ བོད་ཡང་ལེ་ཤོད་ལུ་ ཕྱག་ཆེན་གནང་པའི་སྐབས་ བླ་མ་སྒོམ་པའི་ལྷ་ཚོགས་ཀྱི་གཙོ་བོ་ པདྨ་བཛྲ་གུ་རུ་ལུ་བཞེངས་ཏེ་ མཆོག་གི་དངོས་གྲུབ་ཐོབ་པའི་ ཉིནམ་འབད་བ་ལུ་བརྟེན་ ཉིནམ་དེ་ལུ་ ཕན་ཡོན་བསམ་གྱིས་ མ་ཁྱབ་པར་ཡོདཔ་ཨིན་པས།

དེ་མ་ཚད་ ཨྱོན་གུ་རུ་རིན་པོ་ཆེ་དེ་ དུས་གསུམ་གྱི་ སངས་རྒྱས་ཐམས་ཅད་ཀྱི་ ངོ་ཚབ་བཟུམ་ཅིག་སྦེ་ བྱོན་བྱོནམ་ཨིནམ་ལས་ ཚེས་བཅུའི་སྐབས་གནང་མི་ སྐུ་འཆམ་ཚུ་ལུ་ གསོལཝ་བཏབ་པ་ཅིན་ ཚེ་འདི་ལུ་ གལ་རྐྱེན་བར་ཆད་ཚུ་ ཞི་ནི་དང་ ཕྱི་མ་ཟངས་མདོག་དཔལ་རི་ལུ་ སྐྱེ་ནི་གི་ གོ་སྐབས་ཡོདཔ་སྦེ་ ཆ་བཞགཔ་ཨིན་པས།

ཆོས་དང་འཁྲིལ་བ་ཅིན་ ཚེས་བཅུ་མཇལ་མི་ དད་མོས་ཅན་ཚུ་ལུ་ ཚོགས་བསག་སྒྲིབ་སྦྱང་ལ་སོགས་པའི་ བསོད་ནམས་བསག་ནི་གི་ གཞི་ཨིན་པའི་ཁར་ གར་འཆམ་ཚུ་གིས་ རང་ལུགས་འབྲུག་པའི་ཆོས་དང་ ལམ་སྲོལ་ སྔོན་རབས་ཚུ་གི་ ཁུངས་ཚུ་ཡང་ སྟོནམ་ཨིན་པས།

ད་རེས་ནངས་པར་ རྫོང་ཁག་སོ་སོའི་ནང་ ལོ་བསྟར་ཚེས་བཅུ་བརྩི་སྲུང་གི་ ཚེས་གྲངས་ཡང་ མ་འདྲཝ་ཡོད་པའི་ཁར་ རྫོང་ཁག་ལ་ལོ་ཅིག་ནང་ གུ་རུ་རིན་པོ་ཆེའི་ འཁྲུངས་སྐར་དུས་སྟོན་དང་བསྟུན་ རང་ཟླ་༥ པའི་ཚེས་༡༠ ལུ་ སྤྲེལ་ཟླ་ཚེས་བཅུ་ བརྩི་སྲུང་གནང་སྲོལ་འདུག།

ཐིམ་ཕུག་གི་ ཚེས་བཅུ་བཟུམ་ཅིག་ལུ་ ཆ་བཞག་པ་ཅིན་ རང་ཟླ་༨ པའི་ནང་ ལོ་བསྟར་བཞིན་དུ་ ཉིན་གྲངས་༤ གི་རིང་ བརྩི་སྲུང་འབདཝ་ཨིན་མས།

ཐིམ་ཕུག་ཚེས་བཅུ་དེ་ སྤྱི་ལོ་༡༦༨༧ ལུ་ སྡེ་སྲིད་༤ པ་ བསྟན་འཛིན་རབ་རྒྱས་ཀྱིས་ འགོ་བཙུགས་གནང་ཡོདཔ་ད་ རྫོང་གཞིས་ཁག་གཞན་བཟུམ་སྦེ་ ཚེས་བཅུའི་སྐབས་ལུ་ དགེ་སློང་གི་འཆམ་དང་ བོད་འཆམ་གཉིས་སྦེ་ རྐྱབ་སྲོལ་ཡོདཔ་ཨིན།

ཐིམ་ཕུག་གི་ ལོ་བསྟར་ཚེས་བཅུ་དེ་ཡང་ ཁ་ཙ་ལས་ འགོ་བཙུགསཔ་ད་ ཉིནམ་དང་པའི་ནང་ བོད་འཆམ་ཤ་རྫམ་དང་ ཡུ་གླིང་པ་ པད་གླིང་གིང་གསུམ་འཆམ་ གཏེར་འཆམ་ ཤཝ་ཤ་ཁྱི་ ཨ་ལྕོ་ཕན་ཏོག་ གངས་ལས་འབབ་ནི་ སྒྲ་སྙན་འཆམ་ཚུ་ སྤྱན་འབུལ་ཞུ་ནུག།

ད་རིས་ ཉིནམ་༢ པའི་ནང་ དགེ་སློང་གི་སྐུ་འཆམ་ ཞྭ་ནག་འཆམ་དང་ ཞྭ་ནག་རྔ་འཆམ་ སྐྱེལ་འཆམ་ ཕོ་ལེགས་མོ་ལེགས་དང་ རྒཔོ་རྒསམོ་ དགྲ་མེད་རྩེ་རྔ་ཆམ་ ཤཝ་ཤ་ཁྱི་མཐའ་ལས་བཏོན་ནི་ཚུ་ སྤྱན་འབུལ་ཞུ་ནི་ཨིན་པས།

ནངས་པར་དུར་བདག་འཆམ་དང་ རཀྴ་དམངས་འཆམ་ དེ་ལས་ ཉིནམ་༤ པའི་ནང་ འབེར་སྐོར་འཆམ་དང་ དཔའ་འཆམ་ དུར་བདག་འཆམ་ གིང་དང་ཚོགས་ལིང་འཆམ་ གུ་རུ་མཚན་བརྒྱད་ རིགས་ལྔ་བཅུ་དྲུག་གི་འཆམ་ཚུ་ སྤྱན་འབུལ་ཞུ་ནི་ཨིན་པས།

འཆམ་ཚུ་གི་གྲས་ལས་ ཤཝ་དང་ ཤ་ཁྱིའི་གར་འཆམ།

ཧེ་མ་ རྗེ་བཙུན་མི་ལ་བཞད་པ་རྡོ་རྗེ་དེ་ དབེན་པའི་གནས་ལུ་ རྟོགས་པའི་ཡེ་ཤེས་མངོན་དུ་གྱུར་ཏེ་ དུད་འགྲོ་ཚུ་ལུ་ཡང་ ཆོས་ཀྱི་དོན་དེ་ཚུ་ གསུངས་ཚུགས་པའི་ རང་དབང་ཐོབ་སྟེ་ བཞུགས་པའི་སྐབས་ཅིག་ལུ་ མི་དང་ཁྱིའི་སྐད་ ལྷང་ལྷང་ཅིག་གསན་ཏེ་ བྱག་ཕུག་གི་ སྒོ་ཁར་ཐོན་ཏེ་གཟིགསཔ་ད་ ཤཝ་ཐང་ཆད་ཆདཔ་ཅིག་བྱུང་ནུག།

དེ་བསྒང་ རྗེ་བཙུན་མི་ལ་རས་པ་གིས་ ཐུགས་བརྩེ་བ་ཆེན་པོའི་སྒོ་ལས་ ཆོས་ཀྱི་མགུར་མ་ཅིག་ གསུངསམ་ཙམ་གྱིས་ འཇིགས་སྐྲག་གི་སྣང་བ་ཡལ་ཏེ་ རྗེ་བཙུན་གྱི་ གཡས་ཁ་ཐུག་ལུ་ སྡོད་སྡོད་པར་ ཤ་ཁྱི་ཅིག་ལྷོདཔ་ལས་ ཤ་ཁྱི་དེ་ལུ་ཡང་ ཆོས་ཀྱི་མགུར་མ་གསུངསམ་ཅིག་ ཉོན་མོངས་གདུག་སེམས་ཞི་སྟེ་ རྗེ་བཙུན་གྱི་ གཡོན་ཕྱོགས་ལུ་ སྡོད་ཡོདཔ་ཨིན་པས།

དེ་གི་ཤུལ་ལུ་ ཤ་རོགསཔ་མགོན་པོ་རྡོ་རྗེ་དེ་ མདའ་གཞུ་འབག་སྟེ་ དེ་ཁར་ལྷོདཔ་ད་ ཤཝ་དང་ཤ་ཁྱི་༢ མ་བཟུམ་སྦེ་གནས་ཏེ་ཡོདཔ་མཐོངམ་ལས་ མི་དེ་གིས་ ཤཝ་དང་ཤ་ཁྱི་ལུ་ ངན་སྔགས་ཅིག་ བཏང་བཏངམ་འདྲས་ཟེར་ ཞེ་སྡང་ལངས་ཏེ་ རྗེ་བཙུན་ལུ་ མདའ་རྐྱབ་ད་ མདའ་གཞུ་ཆག་སོང་ཡོདཔ་མ་ཚད་ གཞུ་ཐག་ཡང་ ཆད་ཡར་སོཔ་ལས་ ག་ཅི་ཨིན་ན་ཟེར་ ཐེ་ཚོམ་ཟ་སྟེ་ སྡོད་པའི་བར་ན་ རྗེ་བཙུན་གྱིས་ ཁྱོད་ཀྱི་མདའ་དེ་ རྐྱབ་ལོང་འོང་ ཧེ་མ་ར་ ངེད་ཀྱི་གླུ་འདི་ ཉན་ཞིག་ཟེར་ ཆོས་ཀྱི་མགུར་མ་དེ་གསུངས་ནུག།

ཤ་རོགསཔ་མགོན་པོ་རྡོ་རྗེ་དེ་ སྔར་བྱེད་ཀྱི་ལཱ་ལུ་ འགྱོད་པ་བསྐྱེད་དེ་ གཤགས་པ་ཕུལ་བའི་ཁར་ ཕྱིན་ཆད་ད་ལས་ཕར་ཡང་ བཀའ་ཅི་གསུང་བསྒྲུབ་ནི་གི་ དམ་བཅའ་ཕུལ་ཏེ་ སྒྲུབ་པ་ཉམས་སུ་ལེན་མི་ལུ་བརྟེན་ཏེ་ ཚེ་གཅིག་ལུས་གཅིག་ལུ་ སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ གྲུབ་ཐོབ་སྦོམ་ཅིག་ལུ་ གྱུར་ཡོད་པའི་སྐོར་ འཆམ་དེ་གིས་སྦེ་ ཚུལ་སྟོནམ་ཨིན་པས།

སྒྲ་སྙན་ཆོས་གཞས།

ཞབས་དྲུང་རིན་པོ་ཆེ་ ངག་དབང་རྣམ་རྒྱལ་མཆོག་གིས་ ཕྱི་ནང་གསང་གསུམ་གྱི་བསྟན་དགྲ་ག་ར་བཏུལ་ཏེ་ རྫོང་དང་གཙུག་ལག་ཁང་ མང་རབས་ཅིག་ བཞེངས་གནང་ཞིནམ་ལས་ བསྟན་པའི་གཞི་མ་ དགེ་འདུན་འདུས་པའི་སྡེ་དང་ བསྟན་པའི་སྙིང་པོ་ གསང་སྔགས་ཀྱི་སྡེ་དེ་ཚུ་ བཙུགས་གནང་མི་ལུ་བརྟེན་ འདི་ཕྱི་གཉིས་ཀར་སྐྱིད་པའི་དགའ་སྟོན་ ངམ་ངམ་ཤུགས་ཀྱིས་བྱུངམ་ལས་ ཐུགས་ཉམས་སྤྲོ་བའི་ངང་ལས་ མཛད་གནང་པའི་ ཚུལ་སྟོནམ་ཨིན་པས།

གུ་རུ་མཚན་བརྒྱད་ཀྱི་སྐུ་འཆམ།

ཐིམ་ཕུག་གི་ ཚེས་བཅུ་དེ་ གུ་རུ་མཚན་བརྒྱད་ཀྱི་ སྐུ་འཆམ་མཇལ་ཁ་གནང་ཐོག་ལས་ མཇུག་བསྡུ་ནི་ཨིནམ་ད་ སྐུ་འཆམ་དེ་གི་ དགོས་པ་དེ་ཡང་ ཨྱོན་གུ་རུ་རིན་པོ་ཆེ་དེ་ ཕྱི་ལྟར་དུ་ ཐུགས་རྗེ་ཆེན་པོའི་སྤུལ་པ་ བྱ་ཛི་བུ་གི་ སྐྱེ་བ་བཞེས་ཏེ་ འཛམ་གླིང་སྤྱི་དང་ ལྷག་པར་དུ་ འབྲས་འབྲུག་བོད་གསུམ་གྱི་ སེམས་ཅན་ཚུ་ འཁོར་བའི་སྡུག་བསྔལ་ལས་ འདྲེན་ནི་གི་ ཐུགས་བསྐྱེད་སྨོན་ལམ་བཟང་པོ་མཛད་དེ་ བྱོན་བྱོནམ་དང་ ནང་ལྟར་དུ་ སྟོན་པ་ཐུགས་རྗེ་ཅན་ སྐུ་མྱ་ངན་ལས་འདའ་བའི་ཚུལ་སྟོན་གནངམ་ད། ཁྱེད་རྣམས་མྱ་ངན་མ་བྱེད་ཅིག། ང་ནི་ནུབ་ཀྱི་ཕྱོགས་ནས་འོང་ཟེར་ གསུངས་དོ་བཟུམ་སྦེ་ ཐུབ་པའི་དཔང་པོ་ གསང་ཆེན་སྟོན་པའི་སྐུར་ བཞེངས་བཞེངསམ་དང་ གསང་བ་ལྟར་དུ་འབད་བ་ཅིན་ ཡེ་ཤེས་མཁའ་འགྲོ་འབུམ་གྱིས་ ཕྱོགས་བཅུའི་སངས་རྒྱས་ཚུ་ལུ་ གསོལ་འདེབས་ཞུཝ་བཞིན་དུ་ དུས་གསུམ་གྱི་ སངས་རྒྱས་ག་ར་ བཀའ་བགྲོས་མཛད་དེ་ སྐུ་གསུང་ཐུགས་ཀྱི་ནུས་པ་ གཅིག་སྒྲིལ་གྱི་ཐོག་ལས་ སྙིགས་མ་ལྔ་བདོའི་སེམས་ཅན་ཚུ་ འཁོར་བ་ལས་ འདྲེན་ཐབས་ལུ་བྱོན་པའི་ རྣམ་ཐར་བསམ་གྱིས་མི་ཁྱབ་པ་ལས་ འཛམ་གླིང་འདི་ནང་ སྤྲུལ་པའི་རྣམ་པ་མཚན་བརྒྱད་ཀྱི་སྒོ་ལས་ འགྲོ་དོན་མཛད་པའི་ཚུལ་ཨིན་པས་ཟེར་ ཞུ་ནི་ཨིན།

རིག་འཛིན་དབང་ཕྱུག།

About admin

Check Also

བཀྲིས་གཡང་རྩེ་ ཡ་ལང་གི་མི་ཚུ་གིས་ ཐིང་ངེ་ལུ་བརྟེན་ འཚོ་བ་སྐྱོང་དོ་ཡོདཔ།

༉ བཀྲིས་གཡང་རྩེ་ ཡ་ལང་རྒེད་འོག་ གནམ་ཐེ་དང་ ཡེར་ཕི་གཡུས་ཚན་དེ་ ཐིང་ངེ་ཐོན་སྐྱེད་འབད་སའི་ ཡོངས་གྲགས་ཅན་གྱི་ ས་གནས་ཅིག་ཨིན་པས། དེ་ཡང་ ཚོདམ་ཞིམ་ཏོང་ཏོ་བཟོ་ནི་དང་ བཟའ་ཁམས་གཏགས་ནིའི་དོན་ལུ་ ཐིང་ངེ་བླུགས་ཏེ་བཟོ་དོ་ཡོདཔ་ད་ གཡུས་ཚན་ནང་ལྷོད་པ་ཅིན་ ཚོདམ་ནང་རྐྱངམ་གཅིག་མེན་པར་ ཁྱིམ་ག་རའི་གདོང་ཁར་ …

Leave a Reply

Your email address will not be published. Required fields are marked *