བདེ་སྲུངཔ་ཚུ་གིས་ ས་ཁོངས་ནང་ལས་ཕར་སོང་སྟེ་ ལྟ་རྟོག་འབད་བའི་བསྒང་།

ཚུལ་མིན་གྱི་ རྒྱུན་ལམ་ཚུ་ ཉེན་སྲུང་ལྟ་རྟོག་འབད་ནི་དེ་ ལཱ་ཁག་ཡོདཔ།

༉ ནད་ཡམས་COVID-19 བཀག་ཐབས་ཀྱི་ གདོང་ལེན་འབདཝ་དང་འབྲེལ་ བསམ་རྩེ་རྫོང་ཁག་གིས་ ས་མཚམས་ཚུ་བདའ་སྟེ་ རྒྱུན་འགྲུལ་འཐབ་མི་ཚུ་ལུ་ ལྟ་རྟོག་དམ་དམ་འབད་དོ་ཡོདཔ་ཨིན་པས།
དེ་འབདཝ་ད་ རྒྱ་འབྲུག་གི་ ས་མཚམས་སྒོ་ཡངས་དྲགས་ཡོད་པའི་ཁར་ གཞུང་འབྲེལ་དང་ ཚུལ་མིན་གྱི་ འཛུལ་སྒོ་གྱངས་ཁ་མ་ཆོདཔ་སྦེ་ ཡོད་མི་ལུ་བརྟེན་ མི་ཚུ་གིས་ གསང་བའི་ཐོག་ལས་ ནང་ན་འཛུལ་འོང་ནི་གི་ འོས་འབབ་ཡོདཔ་ལས་ ལྟ་རྟོག་དང་ འགྱིམ་བལྟ་ནི་དེ་ གདོང་ལེན་ཅན་ཅིག་ཨིན་པས།
ད་ལྟོ་ བསམ་རྩེའི་འགེགས་སྲུང་སྒོ་ར་ངོ་མ་བརྩིས་ཏེ་ འཛུལ་ལམ་༤༤ དེ་ཅིག་ སྐོར་སྲུང་འབདཝ་ཨིན་རུང་ གཞུང་འབྲེལ་མིན་པའི་ ས་མཚམས་འཛུལ་སྒོ་གཞན་ལེ་ཤ་ཡོདཔ་ལས་ འབྲུག་དང་ རྒྱ་གར་གྱི་ས་མཚམས་ ག་ཏེ་ལས་ཨིན་ན་ ངོས་འཛིན་འབད་ཚུགས་པར་ ལཱ་ཁག་ཡོདཔ་ཨིན་པས།
གལ་སྲིད་ མི་ཚུ་ ཕར་ཚུར་འགྱོ་ནི་དེ་ དམ་འཛིན་མ་འབད་བ་ཅིན་ ནད་ཡམས་ཁྱབ་སྤེལ་འགྱོ་ནི་གི་ ཉེན་ཁ་སྦོམ་ཡོདཔ་ཨིན་པས།
ཨིན་རུང་ བདེ་སྲུངཔ་དང་ ཁྲིམས་སྲུང་འགག་པ་ རྒེད་འོག་གནས་རིམ་གྱི་ ལས་བྱེདཔ་དང་ ཞི་གཡོགཔ་ དེ་ལས་ ས་གནས་ཀྱི་ ཁས་བླངས་པ་ཚུ་གིས་ འཛུལ་སྒོ་དེ་ཚུ་ནང་ལས་ རྒྱུན་འགྲུལ་བཀག་འཛིན་འབད་ཐབས་ལུ་ ཉིན་མཚན་མེད་པར་ དུས་ཡུན་ཆུ་ཚོད་༢༤ གི་རིང་ ལྟ་རྟོག་འབད་དོ་ཡོདཔ་ཨིན་པས།
ནོར་བུ་སྒང་ལུ་ གདོང་ལེན་སྦོམ་ཤོས་ར་ ས་མཚམས་ཕྱི་ཁའི་ ནོར་རྫིཔ་ཚུ་གིས་ ཁོང་རའི་སྒོ་ནོར་ཚུ་ རྩྭ་ཟ་བར་ འབྲུག་པའི་ས་ཁོངས་ནང་ གསང་བའི་ཐོག་ལས་ བདའ་འོང་མི་དང་ ཆང་གི་ནག་ཚོང་འཐབ་མི་ལས་ གནོད་ཉེན་ཡོད་མི་དེ་ཨིན་པས།
སློབ་དཔོན་ཅིག་ཨིན་མི་ བདེ་སྲུངཔ་རྡོ་རྗེ་དབང་ཕྱུག་གིས་ སླབ་མིའི་ནང་ མི་ཚུ་གིས་ ཁོང་རའི་ནོར་ཚུ་བདའ་སྟེ་ ཁུ་སིམ་སི་སྦེ་ ས་མཚམས་ནང་ན་འོང་ནི་གི་ དཔའ་བཅམ་མས་ཟེར་ཨིན་པས།
ཁོང་གིས་ ནད་ཡམས་ཀོ་རོ་ན་བའེ་རཱསི་གི་ གནོད་ཉེན་དང་ སྔོན་འགོག་གི་ ཐབས་ལམ་ལག་ལེན་འཐབ་མིའི་སྐོར་ གོ་བརྡ་སྤྲོད་དེ་ ཁོང་ལོག་འགྱོ་དགོཔ་སྦེ་ སླབ་དོ་ཡོདཔ་ད་ ད་ལྟོ་ གསང་འཛུལ་འབད་བའི་ རྩོད་དོན་ཚུ་ མར་བབས་སོང་སྟེ་ཡོད་ཟེར་ བདེ་སྲུངཔ་རྡོ་རྗེ་དབང་ཕྱུག་གིས་ བཤདཔ་ཨིན་པས།
མ་གཞི་ འབྲུག་ལས་ ནག་ཚོང་གི་དོན་ལུ་ ཆང་ཉོ་འབག་འགྱོ་དོ་ཡོད་པའི་ ལོ་རྒྱུས་ཚུ་ བཤདཔ་ཨིན་རུང་ ད་ཚུན་གྱི་བར་ན་ མིག་མཐོང་ལག་བཟུང་འབད་བའི་ གནད་དོན་མ་ཐོན་རུང་ བཀག་དམ་གྱི་ ཐབས་ལམ་ཚུ་ ལག་ལེན་འཐབ་སྟེ་ཡོད་ཟེར་ ཁོང་གིས་ བཤདཔ་ཨིན་པས།
ནོར་བུ་སྒང་གི་རྒཔོ་ ཀུན་དགའ་གིས་ སླབ་མིའི་ནང་ རྒེད་འོག་བདག་སྐྱོང་གི་ ལས་བྱེདཔ་དང་ ཞི་གཡོགཔ་ གྲོང་གསེབ་མི་སེར་ཚུ་གིས་ ཕྱི་རུའི་ཆུ་ཚོད་༥ ལས་༩ ཚུན་ ས་མཚམས་བདའ་སྟེ་ སྐོར་སྲུང་འབད་བའི་ཤུལ་ལུ་ བདེ་སྲུངཔ་ཚུ་གིས་ ཉེན་སྲུང་ལྟ་རྟོག་གི་ རྩིས་ལེནམ་ཨིན་པས།
བདེ་སྲུངཔ་ཚུ་གིས་ དྲོ་པ་ཆུ་ཚོད་༨ ལས་ ཕྱི་རུའི་ཆུ་ཚོད་༩ ཚུན་ ལྟ་རྟོག་འབདཝ་མ་ཚད་ དྲོ་པ་ལྟ་རྟོག་སྡེ་ཚན་གཞན་ མ་ལྷོད་ཚུན་ཚོད་ ནུབ་མོའི་སྐོར་སྲུང་ཡང་ འབདཝ་ཨིན་པས།
རྒཔོ་ཀུན་དགའ་གིས་འབད་བ་ཅིན་ མི་ཚུ་གིས་ ནད་ཡམས་ལུ་ འགན་འཁྲི་ཅན་གྱི་སྒོ་ལས་ གདོང་ལེན་འབད་དོ་ཟེར་ཨིནམ་ད་ ས་གནས་ཀྱི་ མི་ཚུ་གིས་ཡང་ འགྱིམ་སྲུང་འབད་མི་ སྡེ་ཚན་ཚུ་ལུ་ བཞེས་སྒོ་དང་ ཁ་ཟས་ཚུ་ བྱིན་ཐོག་ལས་ རྒྱབ་སྐྱོར་འབདཝ་མས་ཟེར་ཨིན་པས།
བཀྲིས་ཆོས་གླིང་གི་རྒཔོ་ ས་མིར་གི་རི་གིས་ སླབ་མིའི་ནང་ ས་མཚམས་སྒོ་ཡངས་དྲགས་ཡོད་མི་ཚུ་ལས་ མི་ཚུ་ནང་འཛུལ་འབད་བའི་ གདོང་ལེན་བྱུང་སྟེ་ཡོདཔ་བཞིན་དུ་ ས་མཚམས་ཕྱི་ཁའི་མི་ཚུ་ ནང་ན་འོང་མི་དེ་ཡང་ འོང་འབབ་བཟོ་ནི་དང་ ཆང་ཉོ་ནིའི་དོན་ལུ་ཨིན་མས་ཟེར་ཨིན་པས།
རྒྱ་གར་ལུ་ ཚོང་འབྲེལ་ཁང་ཚུ་ སྒོ་བསྡོམས་མི་དང་ རྒྱུན་འགྲུལ་འཐབ་ནི་ བཀག་དམ་འབད་མི་ལུ་བརྟེན་ ཁྱིམ་མཚེས་ཀྱི་མི་ཚུ་གིས་ འབྲུག་པའི་ས་ཁོངས་ནང་ ག་ཏེ་ལས་ འཛུལ་ནི་ཨིན་ན་ རྒྱུན་ལམ་ཚུ་ཤེས་པ་ལས་ ནང་ན་འོང་ནིའི་ གོ་སྐབསལེནམ་མས་ཟེར་ རྒཔོ་ས་མིར་གི་རི་གིས་ བཤདཔ་ཨིན་པས།
འོད་གསལ་རྩེའི་རྒཔོ་ གང་ག་པར་སཱད་ལིམ་བུ་གིས་ སླབ་མིའི་ནང་ ཁོ་གི་ རྒེད་འོག་ནང་ར་ ཚུལ་མིན་གྱི་འཛུལ་ལམ་༨ དེ་ཅིག་ཡོད་ཟེར་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

 

About admin

Check Also

རང་དོན་སྤྱོད་ནིའི་དོན་ལུ་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ལུ་ རང་དོན་སྤྱོད་ནིའི་དོན་ལས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་མི་དང་འཁྲིལ་ ཁྲོམ་ཁར་སྡོད་མི་ཚུ་ལུ་ ཏམ་ཁུ་མ་ཐོབ་པའི་ དཀའ་ངལ་མིན་འདུག། རྫོང་ཁག་གི་ ནད་ཡམས་ཀོ་བིཌ་-༡༩ གི་ ལས་བྱེད་ཚོགས་ཆུང་གིས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་བའི་སྐབས་ ནད་འབུབ་མི་འབུ་ནིའི་དོན་ལས་ …

Leave a Reply

Your email address will not be published. Required fields are marked *