ཚབས་ཆེན་གནས་སྟངས་ནང་ བཟང་པོའི་ལྷན་གྲོགས།

༉ འཛམ་གླིང་རྒྱལ་ཁབ་ཚུ་ནང་ ཀོ་རོ་ན་བའེ་རཱསི་ནད་འབུབ་ཐོབ་མི་ སྤྱིར་བསྡོམས་འབུམ་༨ ལྷག་ཡོདཔ་བཞིན་དུ་ རྒྱལ་ཁབ་༡༩༩ དེ་ཅིག་ནང་ ནད་ཡམས་འདི་ ཁྱབ་སྤེལ་སོང་ཡོད་རུང་ ད་ལྟོའི་བར་ན་ཡང་ སྔོན་འགོག་འབད་ཚུགས་པའི་ དམིགས་བསལ་ནད་བཀག་སྨན་ཅིག་ བཟོ་མ་ཚུགས་ནི་དེ་གིས་ ཚ་གྱང་ལང་དགོ་པའི་ གཞི་གནད་ཅིག་ཨིན་མས།
འཛམ་གླིང་གསོ་བའི་ལས་ཚོགས་དང་འཁྲིལཝ་ད་ མོ་བཏབ་ཀྱི་དོན་ལུ་ ནད་བཀག་སྨན་ཚུ་ ལག་ལེན་འཐབ་སྟེ་ བརྟག་དཔྱད་འབད་དོ་ཡོད་རུང་ དུས་ཚོད་འགོར་ནི་ཨིནམ་ལས་ ཀུན་ཁྱབ་ནད་ཡམས་འདི་གིས་ འཕྲོ་མཐུད་དེ་ར་ འཛམ་གླིང་རྒྱལ་ཁབ་ཚུ་གི་ མི་སྡེ་དང་ ཡུལ་སྡེ་ཚུ་ནང་ གནོད་སྐྱོན་རྐྱབ་ནི་ཨིན་མས།
འདི་བཟུམ་མའི་ ཉེན་འཚུབས་ཆེ་བའི་གནས་སྟངས་ནང་ ཐབས་ལམ་དྲག་ཤོས་དེ་ར་ ནད་འབུབ་ཐོབ་མི་ཚུ་ལུ་ འཕྲོད་བསྟེན་བདག་འཛིན་ ལེགས་ཤོམ་འཐབ་ནི་དེ་ཨིནམ་ད་ དེ་ཡང་ ག་འཆརཔ་ཟེར་བ་ཅིན་ འཕྲོད་བསྟེན་བདག་འཛིན་ནང་ རྒྱབ་སྐྱོར་གང་དྲག་འབད་བ་ཅིན་ ནདཔ་མང་ཤོས་ར་ དྲག་དོ་ཡོད་པའི་ མངོན་གསལ་བྱུང་ནི་དེ་གིས་ཨིན།
འབྲུག་ལུ་འབད་བ་ཅིན་ འཕྲོད་བསྟེན་བདག་འཛིན་ཐད་ཁར་ རིན་མེད་སྟོང་པར་ཡོད་ནི་དེ་གིས་ གོ་སྐབས་སྦོམ་ཡོདཔ་སྦེ་མཐོང་རུང་ རྒྱལ་ཁབ་ཕྱི་ཁ་ལས་ ནད་འབུབ་འབག་འོང་མི་ མང་སུ་ཐོནམ་དང་བསྟུན་ འཕྲོད་བསྟེན་བདག་འཛིན་འཐབ་ནིའི་ ཟད་འགྲོ་ཡང་ ལྕི་དྲགས་སྦེ་ར་ གནས་ནི་ཨིན་མས།
ཨིན་རུང་ དུས་ཚོད་ལཱ་ཁག་ཅིག་ནང་ མི་ཚུ་གིས་ ཀུན་ཁྱབ་ནད་ཡམས་འདི་ལུ་ གདོང་ལེན་འབད་ནིའི་དོན་ལས་ གཞུང་ལུ་ དངུལ་རྐྱང་གི་ཞལ་འདེབས་དང་ མཁོ་ཆས་ཀྱི་རྒྱབ་སྐྱོར་འབད་མི་ཚུ་ཐོནམ་ད་ དཔའ་ཉམས་དང་ བློ་སྟོབས་བསྐྱེད་ཚུགས་པའི་ མིག་དཔེ་བཟང་པོ་ཅིག་ཨིན་མས།
མཐུན་རྐྱེན་ཡོད་པའི་ ཟུར་བཞག་ལྟེ་བ་ནང་ སྡོད་མི་ཚུ་གིས་འབད་རུང་ ཁོང་རའི་བློ་འདོད་དང་ རྒྱུ་སྟོབས་དང་འཁྲིལ་ མཐུན་རྐྱེན་སྤྱོད་པའི་ཟད་འགྲོ་ཚུ་ ལོག་སྟེ་ར་ གཞུང་ལུ་ཕུལ་དོ་ཡོད་པའི་ ལོ་རྒྱུས་གོཝ་ཨིན་མས།
ནད་ཡམས་འདི་ རྒྱལ་ཁབ་ནང་ སྔོན་འགོག་འབད་ཚུགས་མི་ཚུགས་དེ་ གཙོ་བོ་ར་ ང་བཅས་རའི་ འབྲུག་མི་ཚུ་གིས་ གསོ་བའི་བསླབ་བཀོད་བྱིན་མི་དེ་ལུ་ ངོས་ལེན་དམ་དམ་ འབད་ཚུགས་མི་ཚུགས་ལུ་ རག་ལས་ནི་ཨིནམ་ད་ རྒྱལ་ཁབ་ལེ་ཤ་ཅིག་ནང་ ནད་འབུབ་ཐོབ་མིའི་གྱངས་ཁ་ མགྱོགས་དྲགས་སྦེ་ ཡར་སེང་འགྱོ་དགོ་མི་དེ་ཡང་ མི་ཚུ་གིས་ གསོ་བའི་བསླབ་བྱ་དང་ ལམ་སྟོན་ཚུ་ལུ་ ཚུལ་མཐུན་གནས་མ་བཏུབ་ནི་དེ་གིས་ཨིན་མས།
རྒྱལ་ཁབ་གཞན་ཁར་ བཟོད་མ་ཚུགས་པའི་ ཚབས་ཆེན་གནས་སྟངས་བྱུང་དོ་བཟུམ་སྦེ་ འབྲུག་ལུ་ མི་འབྱུང་ནི་ཨིན་རུང་ སེམས་བག་ཡེངས་མ་ཤོར་བར་ ལྷག་པར་དུ་ དྲན་ཤེས་བཏོན་དགོཔ་གལ་ཆེ།
ཚོང་འབྲེལ་ནང་ བར་ཆད་སྦོམ་བྱུང་རུང་ ཟ་ཁང་ལག་ལེན་འཐབ་མི་ཚུ་གིས་ ཁོང་རའི་ཟ་ཁང་ཚུ་ ཟུར་བཞག་ལྟེ་བ་སྦེ་ ལག་ལེན་འཐབ་བཅུག་ནིའི་དོན་ལས་ གཞུང་ལུ་ རྒྱབ་སྐྱོར་འབད་བ་གིས་མ་ཚད་ ཐ་ན་ བཞེས་སྒོ་ཚུ་ཡང་ སྐྱེལ་དྲང་འབད་དོ་ཡོདཔ་ཨིན་མས།
དེ་བཟུམ་སྦེ་ སྐྱེལ་འདྲེན་ལས་སྡེ་གིས་འབད་རུང་ གློ་བུར་གྱི་ཞབས་ཏོག་ཚུ་ དགོས་མཁོ་འཐོན་པ་ཅིན་ རིན་མེད་སྟོང་པར་སྦེ་ ཕྱག་ཞུ་ནི་ལུ་ གྲ་སྒྲིག་འབད་དེ་འདུག།
གནད་དོན་ཁག་ཆེཝ་གཅིག་ ཚོང་འབྲེལ་ནང་ མིང་གཏམ་ཅན་ཚུ་གིས་འབད་རུང་ འཆར་གཞི་སྦོམ་སྦེ་ར་ རྩམ་དོ་ཡོད་པའི་ ལོ་རྒྱུས་གོ་མི་དེ་ཡང་ གཞུང་ལུ་ རྒྱབ་སྐྱོར་འབད་བའི་ རྟགས་མཚན་བཟང་པོ་ཅིག་ཨིན་མས།
འཛམ་གླིང་ནང་ འཇིགས་སྣང་ཅན་གྱི་ ནད་ཡམས་ཁྱབ་སྤེལ་འགྱོ་བའི་ ཚབས་ཆེན་གནས་སྟངས་འདི་ནང་ འབྲུག་མི་ཡོངས་ཀྱིས་ གཅིག་མཐུན་དང་ གཅིག་སྒྲིལ་ཐོག་ལས་ མདུན་སྐྱོད་འབད་བ་ཅིན་ ནད་ཡམས་འདི་ སྔོན་འགོག་འབད་མ་ཚུགས་པའི་ དཔེ་མི་སྲིད།

About admin

Check Also

སྤྱི་ཟླ་༦ པའི་ནང་ བདེན་མཆིས་རྫོང་ གསར་བཞེངས་ཀྱི་ལཱ་ ཡོངས་རྫོགས་མཇུག་བསྡུ་ནི།

༉ པདྨ་དགའ་ཚལ་ བདེན་མཆིས་རྫོང་ གསར་བཞེངས་འབད་ནི་ འགོ་བཙུགས་ཏེ་ ལོ་༥ དེ་ཅིག་གི་རྒྱབ་ལས་ ད་རིས་ཀྱི་ཟླཝ་ནང་ བསྒྲུབ་ནི་ཨིན་པས། དེ་ཡང་ དབུ་རྩེ་མ་གཏོགས་ བཟོ་བཀོད་གཞན་ཚུ་ལུ་ ཚོན་བཏང་ཚར་ཡོདཔ་མ་ཚད་ རྫོང་ནང་ན་ཡིག་ཚང་ཚུ་ གཞི་བཙུགས་འབད་ནིའི་དོན་ལུ་ …

Leave a Reply

Your email address will not be published. Required fields are marked *