བདེ་ཆེན་དབང་མོ་(གཡོན་)དང་ ཀུན་ལེགས་སྒྲོལ་མ།

ཚན་རིག་སློབ་དཔོན་ཨམ་སྲུ་༡ དང་ མཐོ་རིམ་སློབ་གྲྭ་མཐར་འཁྱོལ་མི་ ཨམ་སྲུ་༢ ཀྱིས་ ཨ་ནེམོ་ནང་ འཛུལ་ཞུགས་འབད་ཡོདཔ།

༉ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭའི་ ཚན་རིག་སློབ་དཔོན་དང་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་མཐར་འཁྱོལ་མི་ ན་གཞོན་བུམོ་༢ ཀྱིས་ ཨ་ནེམོ་གྲྭ་ཚང་ནང་ འཛུལ་ཞུགས་འབད་མི་དེ་ དམ་ཆོས་བསྒྲུབ་ནིའི་དོན་ལུ་ཨིན་པས།
མོང་སྒར་གཡག་སྤུ་སྒང་ལུ་ཡོད་པའི་ བློ་གསལ་དབྱངས་ཅན་གླིང་ཨ་ནེམོ་བཤད་གྲྭ་ནང་སྦེ་ འཛིན་གྲྭ་དང་པ་ལས་༨ པ་ཚུན་དང་ བཤད་གྲྭའི་འཛིན་གྲྭ་དང་པ་ལས་༣ པའི་ ཨ་ནེམོ་སློབ་ཕྲུག་ཚུ་དང་གཅིག་ཁར་ དཔེ་ཆ་ལྷབ་པའི་བསྒང་འདུག།
སྤ་རོ་ཤ་རི་ཐང་གཡུས་ཚན་ལས་ སྐྱེས་ལོ་༢༨ ལང་མི་ ཀུན་ལེགས་སྒྲོལ་མ་གིས་ སྤྱི་ལོ་༢༠༠༩ ལས་༢༠༡༣ ཚུན་ ལོ་༤ གི་རིང་ ཡུ་ཨེསི་ཨེ་ལུ་ ནེ་བ་ར་སཊ་གཙུག་ལག་སློབ་སྡེ་ལས་ སེམས་ཁམས་རིག་པའི་ སློབ་སྦྱོང་འབད་བའི་ཤུལ་ལུ་ སྤྱི་ལོ་༢༠༡༤ ལས་༢༠༡༧ ཚུན་ བཀང་ལུང་མཐོ་རིམ་སློབ་གྲྭ་ནང་སྦེ་ སེམས་ཁམས་རིག་པའི་ཆོས་ཚན་གྱི་ སློབ་སྟོན་པ་སྦེ་ སྡོད་ནུག།
མོ་གིས་ བློ་གསར་སློབ་རིམ་ལས་ སློབ་རིམ་༨ པ་ཚུན་ ཐིམ་ཕུག་ ལྕང་སྒང་ཁ་འབྲིང་རིམ་སློབ་གྲྭ་འོག་མའི་ནང་ དཔེ་ཆ་ལྷབ་ཞིནམ་ལས་ སློབ་རིམ་༩ པ་ལས་༡༢ པ་ཚུན་ མུ་ཏིག་ཐང་འབྲིང་རིམ་སློབ་གྲྭ་གོང་མ་ནང་ དཔེ་ཆ་ལྷབ་ཡོདཔ་ད་ མོ་ལུ་སྤུན་ཆ་༣ ཡོདཔ་ཨིན་པས།
དེ་བཟུམ་སྦེ་ གཞལམ་སྒང་རྫོང་ཁག་ གོང་ཕུག་གཡུས་ཚན་ལས་ སྐྱེས་ལོ་༢༦ ལང་མི་ བདེ་ཆེན་དབང་མོ་གིས་ སྤྱི་ལོ་༢༠༡༣ ལས་༢༠༡༥ ཚུན་ ལོ་༣ གྱི་རིང་ སྐྱེ་ལྡན་དང་ས་ཁམས་རིག་པའི་ སློབ་སྦྱོང་འབད་བའི་ཤུལ་ལས་ ཨ་ནེམོ་གྲྭ་ཚང་ནང་འཛུལ་ཞུགས་འབད་དེ་ ད་རེས་ འཛིན་གྲྭ་༣ པའི་ནང་ ལྷོད་ཡོདཔ་ཨིན་པས།
བདེ་ཆེན་དབང་མོ་གིས་ བློ་གསར་ལས་ སློབ་རིམ་༦ པ་ཚུན་ གོང་ཕུག་སློབ་གྲྭ་ཆུང་བ་དང་ སློབ་རིམ་༧ པ་ལས་༡༠ པ་ཚུན་ ཡེ་སྦིས་ལབ་རྩ་འབྲིང་རིམ་སློབ་གྲྭ་བར་མ་ དེ་ལས་ སློབ་རིམ་༡༡ པ་དང་༡༢ པ་ གཞལམ་སྒང་འབྲིང་རིམ་སློབ་གྲྭ་གོང་མ་ནང་ ལྷབ་སྦྱང་འབད་ཡོདཔ་ད་ སྤུན་ཆ་༦ ཡོད་པའི་གྲས་ལས་ མོ་ར་ སྦོམ་ཤོས་ ཅིག་ཨིན་པས།
ཀུན་ལེགས་སྒྲོལ་མ་དང་འཁྲིལ་བ་ཅིན་ ཨ་ནེམོ་ནང་འཛུལ་ནི་དེ་ ཆུང་ཀུའི་བསྒང་ལས་ར་ སྤྲོ་བ་ཡོད་རུང་ གོ་སྐབས་འཐོབ་མ་ཚུགས་ཟེར་ཨིནམ་ད་ དེ་ཡང་ ཕམ་༢ ཀྱི་རེ་བ་ལས་ ཤེས་ཡོན་སྦོམ་བལྟ་དགོཔ་སྦེ་ སྡོད་ཅི་ཟེར་ཨིན་པས།
ཀུན་ལེགས་སྒྲོལ་མ་གིས་ སླབ་མིའི་ནང་ སློབ་དཔོན་སྦེ་སྡོད་པའི་སྐབས་ ད་རེས་ བཀྲིས་སྒང་རྗོང་ཁག་གི་ བླམ་གནས་བརྟན་ ཀརྨ་རང་གྲོལ་གྱིས་ ཆོས་བཤད་གནང་མི་དང་ གནམ་དགུན་གྱི་ངལ་གསོའི་སྐབས་ ལས་ཚོགས་སློབ་དཔོན་གྱིས་ འགོ་འདྲེན་ཐོག་ གནས་སྐབས་ཀྱི་དགེ་སློང་དང་ ཨ་ནེམོ་ནང་འཛུལ་ནིའི་ལས་རིམ་ནང་ བཅའ་མར་གཏོགས་པའི་ཤུལ་ལས་ ནང་ཆོས་ལུ་ ཡིད་ཆེད་འདྲོངསམ་ལས་ སེམས་ཐག་བཅད་དེ་ འཛུལ་ཡི་ཟེར་ ཨིན་པས།
ཨ་ནེམོ་བསོད་ནམས་དབང་མོ་གིས་ སླབ་མིའི་ནང་ ཕམ་དང་ སྤུན་ཆ་ཚུ་གི་རེ་བ་ལས་འབདནི་ མཐོ་རིམ་ཤེས་ ཚད་མཐར་འཁྱོལ་བའི་ཤུལ་ གཞུང་གཡོག་ཅིག་ནང་འཛུལ་ཞིནམ་ལས་ ཕམ་དང་ སྤུན་ཆ་ཚུ་ལུ་ ཆ་རོགས་ འབད་དགོཔ་སྦེ་ཨིན་རུང་ ང་རང་ ཆོས་འབད་ནིའི་དང་འདོད་ ཆུང་ཀུའི་བསྒང་ལས་ཡོདཔ་བཞིན་དུ་ མཐོ་རིམ་སློབ་གྲྭ་དེ་ ཆོས་འབད་བར་འགྱོ་ནིའི་ གོ་སྐབས་བཟང་པོ་ཅིག་ཨིནམ་ལས་ གོ་སྐབས་ལེན་ཡི་ཟེར་ཨིན་པས།
ཆོས་འབད་ནིའི་ སེམས་ཐག་བཅད་མི་དེ་ཡང་ ད་རེས་མི་ལུས་ཐོབ་པའི་སྐབས་ ཡང་དག་པའི་ དམ་པའི་ཆོས་ མ་འབད་བ་ཅིན་ མི་ཚེ་སྟོང་ལོག་འགྱོ་ནི་ཨིནམ་ལས་ འཇིག་རྟེན་གྱི་བྱ་བ་ཚུ་ཡང་ ཕམ་༢ བཟུམ་སྦེ་ དཀའཝ་ སྤྱད་མ་དགོ་པར་ ཆོས་འབད་དེ་ ཕམ་༢ དང་ སྤུན་ཆ་ དེ་ལས་ འགྲོ་བ་རིགས་དྲུག་གི་སེམས་ཅན་ཚུ་གི་དོན་ ལུ་ དགེ་བ་བསམ་གྱིས་མི་ཁྱབ་ཅིག་ བསྒྲུབ་ཚུགས་པའི་འོས་འབབ་ཡོད་མི་ལུ་བརྟེན་ཨིན་ཟེར་ ཨིན་པས།
སྤྱིར་བཏང་མི་ཚུ་གིས་ ཆོས་འབད་ནིའི་དོན་ལུ་ དགེ་སློང་དང་ ཨ་ནེམོ་ དགོན་པ་ དེ་ལས་ གངས་ཁྲོད་རི་ཁྲོད་ལུ་སོང་སྟེ་ དཀའཝ་སྤྱད་དགོཔ་མེད་ གཙོ་བོ་ སེམས་འདི་ར་ བདག་འཛིན་འཐབ་སྟེ་ མི་དགེ་བའི་ལཱ་ཚུ་ སྤང་ཚུགས་པ་ཅིན་ ཆོས་ཨིན་ཟེར་ སླབ་མི་གཉིས་ཀྱི་ ཁྱད་པར་ཕྱེ་ནིའི་དོན་ལུ་ འཛུལ་ཞུགས་འབད་ཡི་ཟེར་ཨིན་པས།
ཆོས་དང་སེམས་༢ ལུ་ ཁྱད་པར་སྦོམ་འདུག་ཟེར་ ཨ་ནེམོ་༢ ཀྱིས་སླབ་ཡོདཔ་ད་ དེ་ཡང་ ཨ་ནེམོ་ནང་ འཛུལ་ཞུགས་འབད་བའི་ཉིནམ་ལས་འགོ་བཙུགས་ དྲོ་པ་ལས་ ནུབ་མོ་ཞག་མ་ཉལ་ཚུན་ ཁ་ཐུན་དགེ་སྦྱོར་ནང་ སངས་རྒྱས་ཀྱི་ཆོས་མ་གཏོགས་ འཇིག་རྟེན་གྱི་བྱ་བ་དང་ ཞི་གཡོག་ ཚོང་རྐྱབ་སྡོད་པའི་སྐབས་ ཁ་ཐུན་དང་ དགེ་སྦྱོར་གྱི་ལཱ་དེ་ རེ་ཚེ་སྐབས་ལུ་མ་གཏོགས་ གོ་སྐབས་མེད་པའི་ ཤེས་རྟོགས་བྱུང་ཡི་ཟེར་ཨིན་པས།
ན་གཞོན་བུམོ་དང་ ཨམ་སྲུ་ཚུ་གིས་ ཆོས་འབད་ནི་ལུ་ སྤྲོ་བ་དང་དང་འདོད་ཡོད་རུང་ འཛུལ་མ་ཚུགས་མི་དེ་ཡང་ ཨ་ནེམོ་གི་སྒྲིག་དེ་ ཁྲིམས་བཀལ་དོ་བཟུམ་མིའི་མནོ་བསམ་བཏང་སྡོད་མི་ ལེ་ཤ་འདུག་ཟེར་ཨིནམ་ད་ ཀུན་ལེགས་སྒྲོལ་མ་གིས་ སླབ་མིའི་ནང་ ཁྲིམས་མེན་པར་ བློ་སེམས་ཆོས་ལུ་ འགྱུར་བཅུག་ནིའི་ཐབས་ཤེས་ ཨིནམ་ལས་ འདྲོག་དགོཔ་དང་ འཚེར་དགོཔ་ག་ནི་ཡང་ མིན་འདུག་ཟེར་ཨིན་པས།
ལྷག་པར་དུ་ སངས་རྒྱས་ཀྱི་ཞིང་ཁམས་ནང་ ལྷོད་ཚུགས་ནིའི་དོན་ལུ་ ཐབས་ཤེས་ཟེར་རུང་ གཙོ་བོ་ར་ ཆོས་ འབད་དེ་ གོ་སྐབས་འཐོབ་ནི་ཨིནམ་ལས་ ཆོས་དེ་ ལམ་བཟུམ་སྦེ་ བསྒྲུབ་དགོ་པས་ཟེར་ཨིན་པས།
བཤད་གྲྭའི་སློབ་དཔོན་ ཚེ་བརྟན་བཀྲིས་ཀྱིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༦ ལུ་ བཤད་གྲྭ་འགོ་འབྱེད་འབད་བའི་ སྐབས་ ཨ་ནེམོ་༡༢ ལས་བརྒལ་མེད་རུང་ ལོ་༢ ཀྱི་རྒྱབ་ལས་ ཨ་ནེམོ་༥༠ དེ་ཅིག་ ཡོད་མི་ལུ་ལྟཝ་ད་ ན་གཞོན་བུམོ་ཚུ་ལུ་ གཞི་རྟེན་མཐུན་རྐྱེན་དང་ གོ་སྐབས་མ་ཐོབ་རྐྱངམ་གཅིག་ ཨིན་མས་ཟེར་ཨིན་པས།
མ་གཞི་ བཤད་གྲྭ་ནང་ ཨ་ནེམོ་༡༢༠ གི་ས་སྟོང་ཡོད་རུང་ ད་རེས་༦༥ ལས་བརྒལ་མེདཔ་ད་ ཁོང་ཚུ་ཡང་ ཤར་ཕྱོགས་ལུང་ཕྱོགས་རྫོང་ཁག་༦ གི་དོན་ལུ་ གྲྭ་ཚང་འོག་ལུ་ ཨ་ནེམོ་བཤད་གྲྭ་ འགོ་དང་པ་ཨིན་པས།
སློབ་དཔོན་དང་འཁྲིལཝ་ད་ གོ་སྐབས་དེ་སྦེ་ཡོད་ཟེར་ ཁྱབ་བསྒྲགས་འབད་ནི་མེད་རུང་ ཤར་ཕྱོགས་རྫོང་ཁག་ཚུ་ མ་ཚད་ དབུས་ཕྱོགས་དང་ ནུབ་ཕྱོགས་ དེ་ལས་ ལྷོ་ཕྱོགས་རྫོང་ཁག་ཚུ་ལས་ཡང་ འཛུལ་བར་ འོང་ནི་འདུག་ ཟེར་ཨིན་པས།
བཤད་གྲྭ་དེ་གི་དོན་ལུ་ གཞུང་གྲྭ་ཚང་གིས་ ཟད་འགྲོ་གཏང་ཐོག་ལས་ ལྷ་ཁང་༡ དང་ ཐོག་ཚད་༢ འབད་མི་ ཉལ་ཁང་༢ དང་ ཟ་ཁང་ གསང་སྤྱོད་ ཐོག་༢ འབད་མི་སློབ་ཁང་༤ དེ་ལས་ སློབ་དཔོན་དང་ མཁན་པོའི་ གཟིམ་ཅུང་ཚུ་ བཟོ་སྐྲུན་འབད་བའི་ཁར་ སྒྲུབ་ཁང་ཚུ་ཡང་ བཟོ་སྐྲུན་འབད་དེ་འདུག།
ད་ལྟོ་ཚུན་ ཨ་ནེམོ་ཚུ་གིས་ གཞི་རིམ་འཛིན་གྲྭ་དང་པ་ལས་༨ པ་ཚུན་ ཁ་ཐུན་དང་ ཆོ་གའི་ཕྱག་ལེན་གྱི་ སྦྱང་བ་ཚུ་ འབད་དགོཔ་ཨིན་རུང་ རིག་པ་ཡོད་མི་དང་ བརྩོན་འགྲུས་ཐེབས་བསྐྱེད་མི་ཚུ་གིས་ ལོ་༣ ནང་ མཐར་འཁྱོལ་བའི་ཤུལ་ལས་ དཔེ་ཆ་གཞུང་ འཛིན་གྲྭ་དང་པ་ལས་ འགོ་བཙུགསཔ་ཨིན་པས།
ད་ལྟོ་ དཔེ་ཆ་ལྷབ་པའི་བསྒང་ཡོད་མི་ ཨ་ནེམོ་ཚུ་ཡང་ མང་ཤོས་ར་ སློབ་རིམ་༨ པ་དང་༩ པ་༡༠ པ་༡༡ པ་ དེ་ལས་༡༢ པ་ཚུ་ཨིནམ་མ་ཚད་ ཨ་ལོའི་ཨའི་ཚུ་གིས་ཡང་ ཨ་ནེམོ་ནང་ འཛུལ་ཞིནམ་ལས་ མཚམས་བཅད་དོ་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས། མོང་སྒར།

 

About admin

Check Also

ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མི་དམངས་མཁོ་སྒྲུབ་ཞལ་འཛོམས་ ནངས་པར་མཇུག་བསྡུ་ནི།

༉ ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་འཐུས་མི་རྒྱལ་ཁབ་༨ ནང་ མི་དམངས་མཁོ་སྒྲུབ་དང་འབྲེལ་བའི་ལམ་ལུགས་དང་ ཁྲིམས་འབྲེལ་གྱི་ལཱ་ཚུ་ ཡར་དྲག་སོང་སྟེ་ཡོད་རུང་ བསྟར་སྤྱོད་འབད་ནིའི་ནང་ གདོང་ལེན་འབྱུང་བཞིན་དུ་ཡོདཔ་ལས་ མི་དམངས་མཁོ་སྒྲུབ་ཞལ་འཛོམས་ཐེངས་༦ པ་དེ་ ཁྱད་རིག་མཁོ་སྒྲུབ་འབད་ནིའི་བརྗོད་དོན་ཐོག་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོདཔ་ཨིན་པས། ཞལ་འཛོམས་དེ་ཡང་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་དང་ …

Leave a Reply

Your email address will not be published. Required fields are marked *