ཚ་རིམས་ནད་གཞི་ བཀག་ཐབས་འབད་ནིའི་དོན་ལུ་ ཨ་ལོ་དང་ རྒན་ཤོས་ཚུ་ལུ་ སྨན་ཁབ་བཙུགས་པའི་བསྒང་།

ཚ་རིམས་འཐོབ་ནིའི་ ཉེན་ཁ་ཡོད་མི་སྡེ་ཚན་ཚུ་ལུ་ སྨན་ཁབ་བཙུགས་ནིའི་ལས་རིམ།

༉ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ཚ་རིམས་འཐོབ་ནིའི་ ཉེན་ཁ་ཡོད་མི་ སྡེ་ཚན་ཚུ་ལུ་ སྨན་ཁབ་བཙུགས་ནིའི་ལས་རིམ་ཅིག་ འགོ་འབྱེད་འབད་ཡི།
ནད་གཞི་འཐོབ་ནིའི་ཉེན་ཁ་ཡོད་མི་ སྡེ་ཚན་དེ་ཡང་ ཨ་ལོ་སྐྱེ་ནི་ཡོད་མི་ཨམ་སྲུ་དང་ ཟླཝ་༦ ལས་༢༣ གྱི་བར་མ་འབད་མི་ ཨ་ལོ་ཚུ་དང་ སྐྱེས་ལོ་༦༥ ཡན་ཆད་འབད་མི་རྒན་རྒས་ ཡུན་རིང་གི་ནད་གཞི་ཐོབ་མི་ དེ་ལས་ སྨན་བཅོས་འབད་མི་ གསོ་བའི་ལས་བྱེདཔ་ཚུ་ལུ་ ཚ་རིམས་ཀྱི་ སྨན་ཁབ་བཙུགས་ནི་ཨིན་པས།
ཨ་ལོ་ཆགས་མི་ཨམ་སྲུ་ཚུ་ལུ་ ཚ་རིམས་ཀྱི་ སྨན་ཁབ་བཙུགས་དགོ་མི་དེ་ཡང་ གློ་བའི་ཚ་ནད་འཐོབ་ནིའི་ཉེན་ཁ་དང་ ནད་གཞི་མ་འདྲཝ་ཐོབ་སྟེ་ཤི་ནིའི་ཉེན་ཁ་ ཨ་ལོ་ཤི་ཤིཝ་སྦེ་སྐྱེ་ནི་ ཟླཝ་མ་ཚངམ་ལས་སྐྱེ་ནི་ དེ་ལས་ ལྗིད་ཚད་མ་ལངམ་སྦེ་ སྐྱེ་ནིའི་ཉེན་ཁ་ཡོད་མི་ལུ་བརྟེན་ཨིན་པས།
ཨ་ལུ་སྐྱེས་ཞིནམ་ལས་ ཟླཝ་༦ དང་༢༣ གྱི་བར་ན་འབད་མི་ཚུ་ལུ་ ཚ་རིམས་འཐོབ་ནིའི་ཉེན་ཁ་དང་ ཨ་ལུའི་འཕྲོད་བསྟེན་ དེ་ལས་ གཞན་ནད་གཞི་འཐོབ་ནིའི་ཉེན་ཁ་ཡོདཔ་ད་ གལ་སྲིད་ སྨན་ཁབ་བཙུགས་པ་ཅིན་ མི་གཞན་ལུ་ ནད་གཞི་སྤེལ་ནི་ལས་ བཀག་ཚུགས་ནི་དང་ ཨ་ལུ་རྨས་སྐྱེས་དང་ རྒན་རྒས་ཚུ་ལུ་ ཁྱབ་སྤེལ་འགྱོ་ནི་ལས་ བཀག་ཐབས་འབད་ཚུགས་ཨིན་ཟེར་ ཨིན་པས།
སྐྱེས་༦༥ ཡན་ཆད་འབད་མི་ཚུ་ ཚ་རིམས་འཐོབ་པ་ཅིན་ ཚབས་ཆེན་ནད་གཞི་ཅིག་ལུ་ འགྱུར་ནིའི་ཉེན་ཁ་དང་ ལོ་ཚད་དང་བསྟུན་ཏེ་ གཟུགས་ཀྱི་སྟོབས་ཤུགས་མར་ཉམས་འགྱོ་ནི་ དེ་ལས་ འཕྲོད་བསྟེན་ལུ་ དཀའ་ངལ་འབྱུང་ནིའི་ ཉེན་ཁ་འདུག་ཟེར་ཨིན་པས།
ཡུན་རིང་གི་ནད་གཞི་ཚུ་ཡང་ དཔེ་འབད་བ་ཅིན་ དོན་ཧིང་གི་ནད་གཞི་དང་ གློཝ་གི་ནད་གཞི་ རྩ་ཁམས་དང་ འབྲེལ་བའི་ནད་གཞི་ སྐྲན་ནད་ མཆིན་ནད་ དེ་ལས་ མཁལ་རྡོག་ནད་གཞི་ཡོད་མི་ཚུ་ལུ་ ཚ་རིམས་ནད་གཞི་འཐོབ་ནིའི་ཉེན་ཁ་ཡོདཔ་ཨིན་པས།
དེ་ལས་ གསོ་བའི་ལས་བྱེདཔ་ཚུ་ལུ་ སྨན་ཁབ་བཙུགས་དགོ་མི་དེ་ཡང་ ནདཔ་ཚུ་ལུ་བརྟེན་ ཚ་རིམས་འཐོབ་ནིའི་ ཉེན་ཁ་ཡོད་མི་ལུ་བརྟེན་ཨིན་ཟེར་ ཨིན་པས།
མི་སྡེ་གསོ་བའི་ལས་ཁུངས་ལས་ ལས་རིམ་གཙོ་འཛིན་ རིན་འཛིན་རྒྱ་མཚོ་གིས་ གསལ་བཤད་འབད་མིའི་ནང་ ཚ་རིམས་ཀྱི་ནད་གཞི་དེ་ ཉེན་ཁ་ཅན་ཅིག་ཨིནམ་ལས་ ནད་གཞི་འཐོབ་ནིའི་ཉེན་ཁ་ཡོད་མི་ ངོས་འཛིན་འབད་མི་སྡེ་ཚན་ཅིག་ལུ་ སྨན་ཁབ་བཙུགས་ནིའི་ལས་རིམ་ འགོ་བཙུགས་ཡི་ཟེར་ཨིན་པས།
འཛམ་གླིང་གསོ་བའི་ཚོགས་སྡེ་གིས་ སྔོན་རྩིས་བཏོན་མི་དང་འཁྲིལཝ་ད་ འཛམ་གླིང་ནང་ མི་ས་ཡ་༣ ལས་༥ ཚུན་ ཚ་རིམས་ཀྱི་ནད་གཞི་ ཚབས་ཆེན་ཐོབ་ཡོདཔ་ལས་ ལོ་བསྟར་བཞིན་དུ་ མི་གྲངས་༢༩༠,༠༠༠ དང་༦༥༠,༠༠༠ དེ་ཅིག་ དབུགས་གཏོང་ལེན་ལུ་བརྟེན་ ཤི་རྐྱེན་བྱུང་དོ་ཟེར་ཨིན་པས།
འབྲུག་ལུ་འབད་བ་ཅིན་ དབུགས་གཏོང་ལེན་གྱི་ནད་གཞི་དེ་ ནད་གཞི་ལེ་ཤ་ཡོད་པའི་གྲས་ལས་ ཨང་༡༠ པ་ནང་ ཚུད་དེ་འདུག་ཟེར་ཨིན་པས།
སྤྱི་ལོ་༢༠༡༧ ལུ་ རྒྱལ་གཞུང་ནད་གཞི་བཀག་ཐབས་ལྟེ་བ་གིས་ ཚ་རིམས་ནད་གཞི་ལུ་བརྟེན་ དབུགས་གཏོང་ལེན་གྱི་ ཞིབ་འཚོལ་འབདཝ་ད་ སྤྱི་ལོ་༢༠༡༥ ལུ་ མི་གྲངས་༡༠༠,༠༠༠ རེ་ལས་༣༧༦ ལུ་ ནད་གཞི་ཐོབ་དོ་བཟུམ་སྦེ་ སྤྱི་ལོ་༢༠༡༦ ལུ་ མི་གྲངས་༡༠༠,༠༠༠ རེ་ལས་༨༩༦ ལུ་ ནད་གཞི་ཐོབ་ནུག་ཟེར་ ཨིན་པས།
ཞིབ་འཚོལ་འབད་མི་ སྙན་ཞུ་དང་འཁྲིལཝ་ད་ ཚ་རིམས་ཀྱི་ནད་གཞི་དེ་ དུས་ཚོད་དང་བསྟུན་ སོར་སྒྱུར་འབད་ནི་དེ་གིས་ སྐྱེས་ལོ་༥ འོག་རྒྱུ་དང་ སྐྱེས་ལོ་༦༥ ཡན་ཆད་འབད་མི་ཚུ་ལུ་ ནད་གཞི་མང་སུ་ ཐོབ་ནུག་ཟེར་ཨིན་པས།
འཛམ་གླིང་ནང་ ཚ་རིམས་ཀྱི་ནད་འབུཔ་དེ་ དུས་ཚོད་དང་འཁྲིལ་ འགྱུར་བཅོས་འགྱོ་དོ་ཡོདཔ་ལས་ འཛམ་གླིང་གསོ་བའི་ཚོགས་སྡེ་གིས་ ནད་བཀག་ཐབས་ཀྱི་དོན་ལུ་ ཐབས་བྱུས་དང་ གྲ་སྒྲིག་འབད་དགོ་པའི་བརྡ་དོན་ལུ་བརྟེན་ འབྲུག་གིས་ སྤྱི་ལོ་༢༠༡༥ ལུ་ རྒྱལ་ཡོངས་ཚ་རིམས་གྲ་སྒྲིག་དང་ ལག་ལེན་འཆར་གཞི་བརྩམས་ནུག།
རྒྱལ་ཡོངས་ཚ་རིམས་གྲ་སྒྲིག་དང་ ལག་ལེན་འཆར་གཞི་དང་ འབྲེལ་མཐུན་སྦེ་ རྒྱལ་ཡོངས་སྨན་ཁབ་འཕྲུལ་རིག་གྲོས་སྟོན་སྡེ་ཚན་ གཞི་བཙུགས་འབད་ཞིནམ་ལས་ ཚ་རིམས་ཀྱི་སྨན་ཁབ་བཙུགས་ནི་ འགོ་བཙུགས་དགོཔ་སྦེ་ འཛམ་གླིང་གསོ་བའི་ཚོགས་སྡེ་ལུ་ རྒྱབ་སྣོན་ཞུ་ཡི་ཟེར་ ལས་རིམ་གཙོ་འཛིན་ རིན་འཛིན་རྒྱ་མཚོ་གིས་ བཤདཔ་ཨིན་པས།
སྤྱི་ལོ་༢༠༡༨ ལུ་ གསོ་བའི་ལྷན་ཁག་གིས་ ཚ་རིམས་ནད་གཞི་འཐོབ་ཉེན་ཆེ་བའི་སྡེ་ཚན་ཚུ་ སྨན་ཁབ་བཙུགས་དགོཔ་སྦེ་ འགོ་འབྱེད་འབད་ཡོད་རུང་ སྨན་ཁབ་དེ་ དུས་ཚོད་དང་བསྟུན་དགོ་ནི་དེ་གིས་ ལས་རིམ་དེ་ ཕར་ཕུད་རྐྱབ་དགོཔ་ཐོན་ཡི་ཟེར་ ལས་རིམ་འགོ་དཔོན་གོངམ་གིས་ བཤད་ཅི།
རྒྱལ་གཞུང་ནད་གཞི་བཀག་འཛིན་ལྟེ་བ་གིས་ གསང་བའི་ཐོག་ལས་ ཞིབ་དཔྱད་འབད་མི་ གྲུབ་འབྲས་དང་འཁྲིལཝ་ད་ འབྲུག་ལུ་ ཚ་རིམས་འཐོབ་ནིའི་དུས་ཚོད་དེ་ གནམ་དགུན་དང་ གནམ་འབྱ་ལུ་ ཐོབ་དོ་ཡོདཔ་སྦེ་ ངོས་འཛིན་འབད་ཡོདཔ་ད་ སྤྱི་ཟླ་༡༢ པ་ལས་༣ པ་ཚུན་ གནམ་དགུན་དང་ གནམ་འབྱ་དེ་ སྤྱི་ཟླ་༧ པ་ལས་ སྤྱི་ཟླ་༩ པ་ཚུན་ཨིན་པས།
དེ་འབདཝ་ལས་ གནམ་དགུན་གྱི་དོན་ལུ་ ཚ་རིམས་སྨན་ཁབ་བཙུགས་ནི་དེ་ སྤྱི་ཟླ་༡༡ པ་ལས་༡༢ པ་ཚུན་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་ནི་ཨིན་ཟེར་ ཨིན་པས།
སྨན་ཁབ་ཚུ་ཡང་ ཡུ་ཨེསི་ཨེ་ལུ་ཡོད་པའི་ འཛམ་གླིང་གསོ་བའི་ལས་བྱེད་ཚོགས་ཆུང་གི་ རྒྱབ་སྐྱོར་དང་ འབྲུག་གི་གསོ་བའི་མ་དངུལ་རྒྱབ་སྐྱོར་ཐོག་ལས་ མཁོ་སྒྲུབ་འབད་དོ་ཡོདཔ་ཨིན་པས།
གསོ་བའི་བློན་པོ་ བདེ་ཆེན་དབང་མོ་གིས་ སླབ་མིའི་ནང་ གསོ་བའི་ལྷན་ཁག་གིས་ མི་མང་ལུ་ སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཚུ་ དུས་མཐུན་དུ་ བསལ་ནིའི་དོན་ལས་ སྨན་བཅོས་དང་ བདག་འཛིན་ འཛིན་སྐྱོང་ བསླབ་སྟོན་ གོ་བརྡ་ཚུ་ སྤུས་ཚད་ཅན་གྱི་ཐོག་ལས་ སྨན་བཅོས་ཞབས་ཏོག་ཚུ་ ཞུ་ཚུགས་ནི་ཨིནམ་ལས་ སྨན་ཁབ་བཙུགས་ནིའི་ ལས་རིམ་འགོ་འབྱེད་འབད་ཡི་ཟེར་ཨིན་པས།
ཚ་རིམས་ཟེར་མི་དེ་ ནད་འབུབ་གིས་ དབུགས་གཏོང་ལེན་གྱི་རིམ་ལུགས་ལུ་ གནོད་འཚུབ་བཀལ་ཏེ་ ཐོབ་པའི་ནད་གཞི་ཅིག་ཨིནམ་ལས་ གཟུགས་ཁམས་འཕྲོད་བསྟེན་ལུ་ ཉེན་ཁ་ཅན་གྱི་གནས་སྟངས་ཚུ་ཡང་ འབྱུང་ནིའི་གནོད་ཉེན་ཆེ་ཟེར་ཨིན་པས།
ཚ་རིམས་ཀྱི་ནད་རྟགས་ཚུ་ཡང་ དྲོད་འབར་རྐྱབ་ནི་དང་ ཡང་ཅིན་ དྲོད་འབར་རྐྱབ་དོ་བཟུམ་ཚོར་ནི་ ཁོད་སི་སི་སྦེ་ཚོར་ནི་ གློ་འཁོག་ནི་ ལྐོདམ་ན་ནི་ ལྷ་པ་ལས་ཆུ་འཐོན་ནི་ ལྷ་པ་བསུབ་ནི་ ཤ་རྒྱུས་དང་ གཟུགས་ན་ནི་ མགུ་ཏོ་ན་ནི་ ཐང་ཆད་ནི་ ཨ་རྟག་དང་མ་འདྲཝ་སྦེ་ འུ་སྡུག་ནི་ རེ་ཅིག་སྐབས་ ཆབ་གསང་བཤལ་ནད་དང་ ཨ་ལུ་མང་ཤོས་ཅིག་ ཁ་ལས་བསྐྱུག་ནི་ཨིན་པས།
ཚ་རིམས་ཐོབ་ཡོད་པའི་མི་ལས་ གློ་འཁོགཔ་ད་དང་ ཨ་ཙི་རྐྱབ་ད་འཐོབ་ནི་ ནད་འབུཔ་ཡོད་པའི་ཅ་ལ་ ལགཔ་གིས་དཀྲོགས་པའི་ཤུལ་ལས་ རང་གི་ཁ་དང་ ལྷ་པ་ལུ་བཀལཝ་ད་ འཐོབ་ཨིན་པས།
ཚ་རིམས་བཀག་ཐབས་།
ཚ་རིམས་འཐོབ་ནི་ལས་ སྔོན་འགོག་འབད་དགོ་མི་དེ་ཡང་ ཚ་རིམས་ཀྱི་སྨན་ཁབ་བཙུགས་ནི་དང་ འཕྲལ་འཕྲལ་ར་ ལགཔ་ཆུ་འཁྱུ་ནི་ གློ་འཁོག་ཨ་ཙི་རྐྱབ་ད་ རང་གི་ཁ་དང་ ལྷ་པ་ལུ་ རས་ཀྱིས་སྤུབས་དགོ་ནི་ མི་མང་འཛོམས་སར་འགྱོ་ནི་ལས་འཛེམ་དགོཔ་ དེ་ལས་ ཚ་རིམས་ཐོབ་མི་ཚུ་དང་འབྲེལ་བ་འཐབ་ནི་ལས་ འཛེམ་དགོཔ་ཨིན་པས།
ཚ་རིམས་ཀྱིས་ན་བ་ཅིན་ ངལ་འཚོ་ལངམ་སྦེ་ ལེན་དགོ་ནི་དང་ ཆུ་ལེ་ཤ་འཐུང་ནི་དང་ བཅུད་ཡོད་པའི་བཞེས་སྒོ་བཟའ་ནི་ མི་གཞན་ལུ་ ཚ་རིམས་མི་སྤེལ་ནིའི་ཐབས་ལུ་ མ་དྲག་ཚུན་ ཁྱིམ་ནང་སྡོད་དགོ་ནི་དང་ དྲག་མ་ཚུགས་པར་ ཡུན་རིང་འགྱོ་བ་ཅིན་ གསོ་བའི་བསླབ་བྱ་ཚུ་ ལེན་དགོཔ་ཨིན་པས།
དྲན་ཚོར།
སྨན་ཁབ་བཙུགས་པར་འོང་པའི་སྐབས་ ཨ་ལུ་སྐྱེ་ནི་ཡོད་མི་ཨམ་སྲུ་དང་ ཨ་ལོ་ཚུ་ཨིན་པ་ཅིན་ ཨའི་དང་ཨ་ལོའི་གསོ་བའི་ལག་དེབ་ མི་རྒན་ཤོས་ཀྱི་ མི་ཁུངས་ངོ་སྤྲོད་ལག་ཁྱེར་ ཡུན་རིང་གི་ ནད་གཞི་ཡོད་མི་འབད་བ་ཅིན་ དྲུང་འཚོ་ལས་ སྨན་ཡིག་ཚུ་དགོཔ་ཨིན་པས།
འགོ་དཔོན་ཚུ་དང་འཁྲིལཝ་ད་ སྐྱེས་ལོ་༥༠ དེ་ཅིག་གི་ཧེ་མ་ལས་ རྒྱལ་ཁབ་མང་རབས་ཅིག་ནང་ མི་ས་ཡ་ལས་བཅད་མི་ཚུ་གིས་ སྨན་ཁབ་དེ་ ཉེན་སྲུང་དང་ལྡནམ་སྦེ་ བཙུགས་ཡོདཔ་བཞིན་དུ་ ཞིབ་འཚོལ་རྒྱ་ཆེཝ་འབད་བའི་ གྲུབ་འབྲས་ཚུ་ཡང་ ལེགས་ཤོམ་ཐོན་ནུག་ཟེར་ཨིན་པས།
ཚ་རིམས་ཀྱི་ནད་འབུཔ་དེ་ དུས་ཚོད་དང་བསྟུན་ སོར་འགྱོ་དོ་ཡོདཔ་ལས་ སྨན་ཁབ་དེ་ཡང་ དུས་ཚོད་རྐྱངམ་གཅིག་ལུ་ ཕན་ཐོགས་དོ་ཡོདཔ་ལས་ ལོ་བསྟར་བཞིན་དུ་ ནད་གཞི་དང་བསྟུན་ སྨན་ཁབ་གསརཔ་བཟོ་མི་དེ་ ལེན་དགོཔ་ཨིན་ཟེར་ཨིན་པས།
ཚ་རིམས་ནད་གཞི་བཀག་ཐབས་ཀྱི་དོན་ལུ་ གསོ་བའི་བློན་པོ་བདེ་ཆེན་དབང་མོ་དང་ འཛམ་གླིང་གསོ་བའི་ཚོགས་སྡེའི་སྐུ་ཚབ་ཚུ་གིས་ འགོ་འབྱེད་འབད་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

གནས་ཚུལ་མདོར་བསྡུས།

སྤྱི་ཟླ་༡༡ པའི་ཚེས་༧ ལུ་ ཐིམ་ཕུག་བདེ་ཆེན་ཕུག་གི་ ལོ་བསྟར་ཚེས་བཅུ་ འགོ་འདྲེན་འཐབ་པའི་སྐབས་ དད་ཅན་བརྒྱ་ལས་བཅད་དེ་ འཛོམས་མི་ཚུ་ལུ་ ཞྭ་ནག་རྔ་འཆམ་དང་ དགེ་བསྙེན་སྐུ་འཆམ་ ཤ་རྫམ་ རྔ་འཆམ་ཚུ་ མཇལ་ཁ་གནང་ཡོདཔ་བཞིན་དུ་ ལོ་བསྟར་ཚེས་བཅུ་དེ་ སྤྱི་ལོ་༢༠༠༣ …

Leave a Reply

Your email address will not be published. Required fields are marked *