ཚ་བོ་ཤི་བའི་གནད་དོན་ནང་ ཨང་རྒས་ཉེས་འཛུགས་བཀལ་ཡོདཔ།

༉ ཐིམ་ཕུག་ཁྲིམས་སྲུང་འགག་སྡེ་གིས་ སྤྱི་ཟླ་༤ པའི་ཚེས་༢༨ ལུ་ ཝང་ཆུ་ནང་ལས་ སྐྱེས་ལོ་༤ ལང་མི་ ཨ་ལོ་ཅིག་གི་ཕུངམ་ཐོབ་མིའི་ གནད་དོན་ནང་ འབྲེལ་བ་ཡོད་མི་ ཨང་རྒས་དེ་ལུ་ དང་བླང་མེན་པའི་ རྟོག་མེད་གདོང་ཐུག་གི་ དམར་བསད་འབད་བའི་ ཉེས་འཛུགས་བཀལ་ཡོདཔ་ཨིན་པས།

ཁྲིམས་སྲུང་འགག་སྡེ་གི་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཨང་རྒས་དེ་ སྤྱི་ཟླ་༤ པའི་ཚེས་༢༨ ལུ་ འཛིན་བཟུང་འབད་བའི་ཤུལ་ལས་ ཞིབ་དཔྱད་འབད་དེ་ སྤྱི་ཟླ་༦ པའི་ཚེས་༥ ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ བཏང་ཡི་ཟེར་ཨིན་པས།
ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཚུ་གིས་ རྩོད་གཞི་དེ་གི་ ཁ་གསལ་ཚུ་ སླབ་མ་བཏུབ་རུང་ ཨང་རྒས་དེ་གིས་ ཁྲིམས་སྲུང་འགག་པ་ལུ་ སྤྱི་ཟླ་༤ པའི་ཚེས་༢༧ ལུ་ མོ་དང་ ཚེ་འདས་བུཚ་༢ ཝང་ཆུ་ནང་མཆོངས་ཏེ་ རང་སྲོག་གཅད་ནི་གི་ དཔའ་བཅམ་ཡོད་རུང་ ཨ་ལོ་རྐྱངམ་གཅིག་ ཆུང་གིས་ འཕྱགས་བདའ་ཡོད་རུང་ ཨང་རྒས་མོ་ར་ གཏེར་མ་གླིང་ཀ་ནང་ ལཱ་འབད་མི་ཚུ་གིས་མཐོང་སྟེ་ སྲོག་སྐྱབས་འབད་ཡི་ཟེར་ ངག་བརྗོད་བྱིན་ནུག་ཟེར་ཨིན་པས།
བུཚ་དེ་ སྤྱི་ཟླ་༤ པའི་ཚེས་༢༧ གྱི་ཉིན་མར་ གར་སོང་མེདཔ་ འགྱོ་བའི་ཤུལ་ལས་ བཟའ་ཚང་ཚུ་གིས་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབད་ཡོདཔ་ད་ ཨ་ལོའི་ཨའི་དེ་གིས་ མི་སྡེ་བརྡ་བརྒྱུད་ ཕེསི་བུཀ་ནང་ཡང་ ཨ་ལོ་དེ་ ག་གིས་མཐོང་རུང་ མོ་དང་འབྲེལ་བ་འཐབ་དགོ་པའི་སྐོར་ལས་ བཀོད་ཡོདཔ་ཨིན་པས།
ཉིནམ་དེ་གི་ ཕྱི་རུའི་ཆུ་ཚོད་༣ དེ་ཅིག་ཁར་ ཁྲིམས་སྲུང་འགག་སྡེ་ལུ་ གཏེར་མ་གླིང་ཀའི་ ལས་བྱེདཔ་ཚུ་གིས་ མི་ཅིག་ ཝང་ཆུ་ནང་ མཐོང་ཡོད་པའི་སྐོར་ལས་ སྙན་ཞུ་ལྷོད་དེ་ ཨང་རྒས་དེ་ ཚེ་འདས་ཀྱི་ ནང་མི་ཕོག་མི་ཚུ་འོང་སྟེ་ ཁྱིད་སོང་ཡོདཔ་ཨིན་པས།
གནས་ཚུལ་བཤད་མི་ཚུ་གིས་ ཨ་ལོ་དེ་ མཇུག་ར་ ཨང་རྒས་དེ་དང་གཅིག་ཁར་ཡོདཔ་སྦེ་ ཤེས་རྟོགས་བྱུང་བའི་ཤུལ་ལུ་ ཁྲིམས་སྲུང་འགག་པ་གིས་ ཨང་རྒས་དེ་ལུ་ དྲི་དཔྱད་འབད་ནི་ འགོ་བཙུགས་ཏེ་ སྤྱི་ཟླ་༤ པའི་ཚེས་༢༨ ཀྱི་ དྲོ་པའི་ཆུ་ཚོད་༣ དེ་ཅིག་ཁར་ ཨང་རྒས་ཀྱིས་ ཁྲིམས་སྲུང་འགག་པ་ལུ་ བུཚ་འཚོལ་བར་ ཝང་ཆུའི་ མཐའམ་བདའ་སྟེ་སོང་ཟེར་ སླབ་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ འདས་པའི་དྲི་བཀོད་སྐབས་ སླབ་དོ་བཟུམ་འབད་བ་ཅིན་ འགོ་དང་པ་ ཨང་རྒས་དེ་གིས་ འཕྲལ་འཕྲལ་སྦེ་ར་ ངག་བརྗོད་སོ་སོར་བྱིན་ནི་འདུག་ཟེར་ སླབ་ཡོདཔ་མ་ཚད་ ཨང་རྒས་ཀྱིས་ མོ་ལུ་ སེམས་ཁམས་ཀྱི་ ནད་གཞི་ཡང་ཡོད་ཟེར་ སླབ་ནི་དེ་གིས་ སེམས་ཁམས་བརྟག་དཔྱད་འབད་བར་ སྨན་ཁང་ནང་ཡང་ བཏང་ཡོདཔ་ཨིན་པས།
ཨིན་རུང་ སེམས་ཁམས་བརྟག་དཔྱད་འབད་མི་ ཌོག་ཊར་ཚུ་གིས་ གནད་དོན་དེ་ གསང་བཞག་དགོ་པའི་ གནད་དོན་ཅིག་ འབད་ནི་དེ་གིས་ ཨང་རྒས་ཀྱི་ སེམས་ཁམས་སྐོར་ལས་ ག་ནི་ཡང་ སླབ་མ་བཏུབ་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

About admin

Check Also

མོང་སྒར་ལུ་ ས་སྣུམ་མ་ལང་པའི་ དཀའ་ངལ་ཐོན་ཡོདཔ།

༉ མོང་སྒར་ཁྲོམ་ནང་སྡོད་མི་ སྣུམ་འཁོར་ཆུང་བའི་ ཇོ་བདག་ཅིག་ཨིན་མི་ རྒྱལ་མཚན་གྱིས་ རེས་གཟའ་ཕུར་བུ་ལུ་ ཁོ་རའི་ ལཱ་ཁག་ཆེ་ཏོག་ཏོ་ཅིག་ཐོན་ཏེ་ གླིང་མེད་ཐང་ལུ་ འགྱོ་ནིའི་དོན་ལས་ མོང་སྒར་ས་སྣུམ་བཀྲམ་སྤེལ་ཁང་ནང་ མར་ཁུ་བླུག་པར་ཚར་༢ དེ་ཅིག་འགྱོ་རུང་ ས་སྣུམ་མེད་ནི་དེ་གིས་ འཆར་གཞི་བཤོལ་བཞག་འབད་དགོཔ་ …

Leave a Reply

Your email address will not be published. Required fields are marked *