མཆིམས་ཕུ་དགོན་པ།

ཙཱ་རི་༢ པ་ སྤ་རོ་མཆིམས་ཕུ་ལུ་ སྨོན་ལམ་གང་བཏབ་འགྲུབ་པའི་ རྡོ་རྗེ་ཕག་མོའི་སྐུ་འདྲ་ཡོདཔ།

༉ རྒྱལ་ཁབ་ནང་ བོད་གངས་ཅན་ལྗོངས་ཀྱི་གནས་མཆོག་ ཙཱ་རི་གཉིས་པ་དེ་ སྤ་རོ་མཆིམས་ཕུ་ལུ་ཡོདཔ་ད་ ད་རེས་ནངས་པར་ འབྲུག་མི་མང་ཤོས་ཅིག་གིས་ གནས་མཇལ་བར་འགྱོ་དོ་ཡོདཔ་མ་ཚད་ དེའི་སྐོར་ལས་ ཁུངས་དང་དགོས་པ་ཤེས་མི་ཚུ་གིས་ ཕྱིའི་རྒྱལ་ཁབ་ལས་ཡང་ འོང་དོ་ཡོདཔ་ཨིན་པས།
མཆིམས་ཕུ་གནས་དེ་ལུ་ ཙཱ་རི་གཉིས་པ་ཟེར་ ཞུ་དགོ་མི་དེ་ཡང་ གནས་ཆེན་དེ་ མཁའ་འགྲོ་རྡོ་རྗེ་ཕག་མོའི་ གནས་ཨིནམ་མ་ཚད་ གནས་ཀྱི་ནང་རྟེན་གཙོ་ཅན་ ཙཱ་རི་གནས་ལུ་ཡོད་དོ་བཟུམ་སྦེ་ རྡོ་རྗེ་ཕག་མོ་རང་བྱོན་གྱི་ སྐུ་འདྲ་བཞུགས་སུ་གསོལ་ཡོདཔ་ཨིན་པས།
ལོ་རྒྱུས་དང་འཁྲིལ་བ་ཅིན་ དུས་རབས་༨ པའི་ནང་ སངས་རྒྱས་གཉིས་པ་ ཨྱོན་གུ་རུ་རིན་པོ་ཆེ་གིས་ སྤ་རོ་སྟག་ཚང་ལུ་ ཞབས་ཀྱིས་བཅགས་གནང་སྟེ་ གུ་རུ་དྲག་པོ་ བདུད་འདུལ་རྡོ་རྗེ་གྲོ་ལོད་ཀྱི་ རྣམ་པ་བཞེས་པའི་ཤུལ་ལས་ མཆིམས་ཕུ་ལུ་བྱོན་ཏེ་ ཟླཝ་༢ ཐུགས་དམ་གནང་ཐོག་ལས་ གནས་དེ་བྱིན་གྱིས་ བརླབས་གནང་ཡོདཔ་ཨིན་པས།
ཤུལ་ལས་ གནས་དེ་ཁར་ རྗེ་མཁན་ཁྲི་རབས་༩ པ་ རྒྱལ་བ་ཤཱཀྱ་རིན་ཆེན་གྱིས་ གནས་སྒོ་ཕྱེས་གནང་ཐོག་ལས་ གནས་ཀྱི་མིང་ཡང་ ཙཱ་རི་གཉིས་པ་ཟེར་ བཏགས་གནང་ཡོདཔ་མ་ཚད་ བོད་ཀྱི་ ཙཱ་རི་གནས་བཟུམ་སྦེ་ མཆིམས་ཕུ་གནས་ཀྱི་ནང་རྟེན་ཡང་ རྡོ་རྗེ་ཕག་མོ་ཨིན་པས།
སླབ་སྲོལ་ཅིག་ལས་འབད་བ་ཅིན་ རྡོ་རྗེ་ཕག་མོའི་སྐུ་འདྲ་དེ་ མཆིམས་ཕུ་གནས་ཀྱི་ ལྟག་ལུ་ཡོད་པའི་ མཚོ་ནང་ལས་ རྒྱལ་བ་ཤཱཀྱ་རིན་ཆེན་གྱིས་ གཏེར་བཞེས་མི་དེ་ཨིན་ཟེར་ཨིནམ་ད་ བཤད་སྲོལ་ཅིག་ལས་འབད་བ་ཅིན་ སྐུ་འདྲ་དེ་ བོད་ཙཱ་རི་ལས་ འཕུར་བྱོན་བྱོནམ་ཨིན་ཟེར་ སླབ་སྲོལ་ཡང་འདུག།
རྒྱལ་བ་ཤཱཀྱ་རིན་ཆེན་གྱིས་ སྐུ་འདྲ་མཚོ་ནང་ལས་བཞེས་པའི་སྐབས་ རིང་ཚད་ཕིཊ་༡ ལས་བརྒལ་མེད་རུང་ ཤུལ་ལས་སྦོམ་འགྱོ་ནི་དེ་གིས་ ད་རེས་ མི་ཚད་གང་དེ་ཅིག་ མཇལ་ཚུགསཔ་ཨིན་པས།
དེ་ཡང་ བླམ་གི་ཐུགས་བཞེད་ལས་ མཆིམས་ཕུ་གནས་དེ་ཁར་ ཙཱ་རི་གནས་བཟུམ་སྦེ་ རྡོ་རྗེ་ཕག་མོའི་སྐུ་འདྲ་སྦོམ་ཅིག་ བཞེངས་དགོ་པས་ཟེར་ འཆར་གཞི་རྩམ་པའི་སྐབས་ སྐུ་འདྲ་དེ་ རང་བཞིན་གྱིས་ འཕེལ་འགྱོཝ་ལས་ མི་ཚད་གང་དེ་ཅིག་ལུ་ གྱུར་ཡོད་པའི་ལོ་རྒྱུས་འདུག།
སྐུ་འདྲ་གིས་ ཡ་མཚན་ཆེ་ཏོག་ཏོ་སྦེ་ རྟགས་མཚན་སྟོན་གནང་པའི་སྐབས་ རྒྱལ་བ་ཤཱཀྱ་རིན་ཆེན་གྱིས་ སྐུ་འདྲ་ལུ་ ཚད་ལས་བརྒལ་བའི་ དད་མོས་བསྐྱེད་ནི་དེ་གིས་ ཕྱག་འབུམ་བཏོན་གནང་ཡོདཔ་མ་ཚད་ སྐུ་འདྲ་དེ་ གནམ་སྟོང་ནང་ལྡིངས་ཏེ་ ཞབས་ས་ཁར་ མ་རེག་པར་བཞུགས་མི་དེ་ ད་ལྟོའི་བར་ན་ཡང་ མཇལ་ཚུགས་དོ་ཡོདཔ་ཨིན་པས།
གནས་མཇལ་མི་ཚུ་གིས་འབད་རུང་ མཁའ་འགྲོ་རྡོ་རྗེ་ཕག་མོའི་ སྐུ་འདྲ་དེ་ གནམ་སྟོང་ནང་ དཔྱངས་བཞག་དོ་བཟུམ་ ཞབས་ས་ཁར་ མ་རེག་པར་བཞུགས་མི་དེ་ ཡ་མཚན་ཆེ་ཏོག་ཏོ་ཅིག་ཨིན་མས་ཟེར་ སླབ་ཡོདཔ་ད་ སྐུ་འདྲ་དེ་ སྨོན་ལམ་གང་བཏབ་ འགྲུབ་ཚུགས་མི་ཅིག་ཨིནམ་ལས་ མི་ཚུ་གིས་ བྱིན་རླབས་དང་ ཚེའི་དངོས་གྲུབ་ཞུ་དོ་ཡོདཔ་ཨིན་པས།
གནས་དེ་ཁར་ གུ་རུ་རིན་པོ་ཆེ་དང་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ དེ་ལས་ མཁའ་འགྲོ་མན་ད་ར་ཝ་ཚུ་ ཐུགས་དམ་གནང་བའི་ བྱག་ཕུག་ཅིག་ཡང་ མཇལ་ཚུགས་དོ་ཡོདཔ་མ་ཚད་ གུ་རུ་རིན་པོ་ཆེ་ སྐུ་ཁྲུས་གནང་སའི་ ཆུ་རྫིང་དང་ ཐར་པ་འགྱོ་སའི་སྒོ་ཚུ་ཡང་ མཇལ་ཚུགས་དོ་ཡོདཔ་ཨིན་པས།
མཆིམས་ཕུ་གནས་མཇལ་མི་ ཧི་མ་ལ་ཡ་ལུང་ཕྱོགས་ལས་ མི་ཚུ་ཡང་ འོང་དོ་ཡོད་པའི་ ལོ་རྒྱུས་ཡོདཔ་ད་ དེ་ཡང་ གནས་དེ་ ཙཱ་རི་བཟུམ་སྦེ་ བྱིན་རླབས་ཡོད་ནི་དེ་གིས་ཨིནམ་ད་ ལ་ལོ་གིས་ སླབ་མིའི་ནང་ ཙཱ་རི་གནས་དེ་ བྱིན་རླབས་ཉམས་འགྱོ་ནི་དེ་གིས་ མི་ཚུ་ མཆིམས་ཕུ་ལུ་འོང་དོ་ཟེར་ ཨིན་རུང་ ལེགས་ཤོམ་སྦེ་ ལྟ་ཞིབ་འབད་བ་ཅིན་ བོད་དེ་ རྒྱ་ནག་གི་འོག་ལུ་ཚུད་པའི་ཤུལ་ལས་ ཁ་བ་ཅན་ལུ་ཡོད་པའི་གནས་ཚུ་ ཧེ་མ་ མཇལ་ཚུགས་དོ་བཟུམ་སྦེ་ མཇལ་ནིའི་གོ་སྐབས་མེདཔ་ལས་ གནས་ཉམས་དོ་ཟེར་ སླབ་མི་ཡང་ ཐོན་དོ་ཡོདཔ་ཨིན་པས།
བོད་གངས་ཅན་ལྗོངས་ཀྱི་ ཙཱ་རི་གནས་དེ་ གནས་ཚུ་གི་ལས་གྲས་ལས་ ཁྱད་པར་ཅན་ཅིག་སྦེ་ ཆ་བཞག་དོ་ཡོདཔ་ལས་ དེ་བསྒང་ གནས་མཇལ་མི་འབྲུག་ཡང་ མི་ལེ་ཤ་སོང་ཡོད་པའི་ ལོ་རྒྱུས་ཡོདཔ་ད་ གནས་དེ་ བོད་ཀྱི་ ལྷོ་ཁ་ཐུག་ཨིན་པས།
ཙཱ་རི་གནས་དེ་ བྱག་རང་བྱོན་ཨིནམ་ད་ ཧེ་མ་ རྒྱ་གར་རྡོ་རྗེ་གདན་ ཉམས་གསོ་མ་ཞུ་བའི་གནས་སྐབས་ལུ་ ནང་པའི་རྗེས་འཇུག་ཚུ་གིས་ ཙཱ་རི་གནས་མཇལ་ནི་ལུ་ ད་རེས་ རྡོ་རྗེ་གདན་མཇལ་དོ་བཟུམ་གྱི་ སྤྲོ་བ་བསྐྱེད་མི་ཐོན་ཡོདཔ་ད་ ཙཱ་རི་གནས་ཡོངས་རྫོགས་སྦེ་ མཇལ་བ་ཅིན་ ཟླཝ་༢ དང་༣ དེ་ཅིག་ འགོར་དོ་ཡོདཔ་ཨིན་པས།
དེ་ཡང་ གནས་དེ་ ཙཱ་རི་རོང་སྐོར་རེ་ ལོ་༡༢ ཀྱི་ཤུལ་ལས་ གནས་སྐོར་རྐྱབ་ནི་ཡོདཔ་ད་ དེ་བསྒང་ གནས་སྐོརཔ་ཚུ་གིས་ གངས་རིན་པོ་ཆེ་ ཡོངས་རྫོགས་སྐོར་ར་རྐྱབ་དོ་ཡོདཔ་ལས་ ཟླཝ་༢ དང་༣ དེ་ཅིག་ འགོར་ཡོད་པའི་ལོ་རྒྱུས་འདུག།
གངས་རིན་པོ་ཆེ་དེ་ རིང་ཚད་མི་ཊར་༦,༦༣༨ ཡོདཔ་ད་ ཙཱ་རི་གནས་དེ་ ཡོངས་རྫོགས་གངས་རི་དེ་ནང་ཡོདཔ་ད་ དེ་ཁར་ རྡོ་རྗེ་ཕག་མོ་དང་ བདེ་མཆོག་འཁོར་ལོ་སྡོམ་པ་ གཞན་ཡི་དམ་དང་ ལྷ་ཚོགས་ཚུ་གི་ སྐུ་འདྲ་ཚུ་ གནས་ལུ་སྦས་བཞག་ཡོདཔ་སྦེ་ མཇལ་དོ་ཡོདཔ་ད་ གནས་དེ་ཁར་ གུ་རུ་རིན་པོ་ཆེ་ ཐུགས་དམ་གནང་ཡོདཔ་མ་ཚད་ ཤུལ་ལས་ རྗེ་བཙུན་མི་ལ་རས་པ་ཡང་ ཐུགས་དམ་གནང་ཡོདཔ་ཨིན་པས།
གངས་རི་ཆེན་པོ་དེ་ ནང་པའི་རྗེས་འཇུག་ཚུ་གིས་མ་ཚད་ ཧིན་དུའི་ཉམས་ལེན་པ་ཚུ་གིས་ཡང་ གུས་ཞབས་ཡོད་མི་དེ་ ཁོང་གི་ལུགས་ལས་ ཧིན་དུའི་ལྷ་དབང་ཕྱུག་གི་ ཕོ་བྲང་ཨིན་ཟེར་ ཁས་ལེན་དོ་ཡོདཔ་ལས་ ལོ་བསྟར་བཞིན་དུ་ རྒྱ་གར་ལས་ མི་འབུམ་ལས་བཅད་དེ་ གངས་རི་ཆེན་པོ་ མཇལ་བར་འགྱོ་དོ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ད་རེས་ འབྲུག་ལུ་ མཆིམས་ཕུ་གནས་ མཇལ་ནི་ལུ་ སྤྲོད་བ་བསྐྱེད་མི་དེ་ རྡོ་རྗེ་ཕག་མོའི་ སྐུ་འདྲ་མཇལ་ནིའི་དོན་ལུ་ཨིནམ་ད་ རྡོ་རྗེ་ཕག་མོ་དེ་ ནང་པའི་ལུགས་ལས་ རྩ་གསུམ་ཟེར་ བླ་མ་ཡི་དམ་མཁའ་འགྲོ་འབདཝ་ད་ མཁའ་འགྲོ་རྩ་ཆེ་ཤོས་ཅིག་ཨིན་པས།
བཤད་སྲོལ་ཅིག་ལས་འབད་བ་ཅིན་ རྡོ་རྗེ་ཕག་མོ་དེ་ རྗེ་བཙུན་སྒྲོལ་མའི་ རྣམ་སྤྲུལ་ཨིན་ཟེར་ཨིནམ་ད་ མོ་ར་ འཕགས་པ་ཐུགས་རྗེ་ཆེན་པོ་ སྤྱན་རས་གཟིགས་ཀྱི་ གསང་བའི་ཡུམ་ཨིན་པས།
མཆིམས་ཕུ་གནས་དེ་ སྤ་རོ་ དོཔ་ཤར་རི་ལས་ ཁ་ཡར་བལྟ་ དུས་ཡུན་ཆུ་ཚོད་༣ ལྷགཔ་ཅིག་ རྐང་ཐང་འགྱོ་དགོ་པའི་ས་ཁར་ཨིནམ་ད་ གནས་དེ་ རྒྱལ་ཁབ་ཀྱི་དོན་ལུ་ ལྟ་བཤལ་འོང་སའི་ ས་གོ་ཅིག་ཡང་ ཨིན་མས་ཟེར་ཞུ་ནི།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

གནས་ཚུལ་མདོར་བསྡུས།

ཁ་ཙ་ རྒྱལ་ཡོངས་མཁའ་འགྲུལ་ འབྲུག་ཨེ་ཡར་གྱིས་ བཀྲིས་སྒང་ཡོན་ཕུ་ལ་ནང་འཁོད་གནམ་ཐང་ནང་ འཕུར་འགྲུལ་བརྟག་དཔྱད་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ད་ སྤ་རོ་རྒྱལ་སྤྱི་གནམ་ཐང་ལས་ ཡོན་ཕུ་ལ་ཚུན་ གཞུང་འབྲེལ་ཐོག་ལས་ འཕུར་འགྲུལ་འབདཝ་ད་ དུས་ཡུན་སྐར་མ་༤༥ འགོར་དོ་ཡོདཔ་ཨིན་པས། ཡོན་ཕུ་ལའི་ འཕུར་འགྲུལ་ཞབས་ཏོག་ ལོག་འགོ་བཙུགས་ནིའི་དོན་ལུ་ …

Leave a Reply

Your email address will not be published. Required fields are marked *