སྣང་མཁར་རྡོ་རྗེ་གདན་དགོན་པའི་ཚེས་བཅུའི་ སྐུ་འཆམ་ཚུ་ མཇལ་ཁ་གནང་པའི་བསྒང་།

མོན་ཏ་ཝང་ལས་ མི་ཚུ་གིས་ སྣང་མཁར་རྡོ་རྗེ་གདན་དགོན་པའི་ཚེས་བཅུ་ མཇལ་བར་འོང་ཡོདཔ།

༉ བཀྲིས་གཡང་རྩེ་སྟོད་ཚོ་རྒེད་འོག་ སྣང་མཁར་རྡོ་རྗེ་གདན་དགོན་པ་དེ་ མཐའ་ཟུར་གྱི་ གཡུས་ཚན་ཅིག་ནང་འབད་རུང་ དགོན་པའི་ལོ་བསྟར་ཚེས་བཅུ་མཇལ་བར་ རྒྱ་གར་གྱི་མངའ་སྡེ་ མོན་ཏ་ཝང་གི་ མི་ཚུ་གིས་ཡང་ འོང་ཡོདཔ་ལས་ སྔར་སྲོལ་ལམ་ལུགས་བརྗེ་སོར་འབད་ནི་ལུ་ ཕན་ཐོགས་སྦོམ་སྦེ་ར་ བྱུང་དོ་ཡོདཔ་ཨིན་པས།
ཨི་ཊ་ན་གར་ལས་ ཉི་མ་སྒྲོལ་མ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཧེ་མར་ ཚེས་བཅུ་དེ་གི་སྐོར་ལས་ ལོ་རྒྱུས་མ་གོ་རུང་ མོན་ཏ་ཝང་གི་མི་ཚུ་ དེ་བཟུམ་མའི་ ཚེས་བཅུ་ཚུ་མཇལ་བར་ འགྱོ་དོ་ཡོད་པའི་སྐོར་ལས་ གོ་ཡི་ཟེར་ཨིནམ་ད་ ད་རེས་ རྩ་ཅན་དང་ བྱིན་རླབས་ཅན་གྱི་ ཚེས་བཅུ་མཇལ་ཚུགས་ནི་དེ་གིས་ སྐལ་བ་བཟང་ཡི་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ཁོང་ཆ་ཁྱབ་ བཀྲིས་གཡང་རྩེ་ལུ་ གནས་སྐོར་རྐྱབ་པར་ འོང་ཡོདཔ་མ་གཏོགས་ དེ་བཟུམ་མའི་ བྱིན་རླབས་ཅན་གྱི་ ཚེས་བཅུ་མཇལ་ཚུགས་པའི་ མནོ་བསམ་མ་བཏང་ཟེར་ཨིནམ་ད་ ཁ་ཙ་ རཀྴ་དམངས་འཆམ་ལ་སོགས་པའི་ སྐུ་འཆམ་ཚུ་མཇལ་ནིའི་ གོ་སྐབས་ཐོབ་ལས་ སེམས་དགའ་ཡི་ཟེར་ཨིན་པས།
སྣང་མཁར་རྡོ་རྗེ་གདན་དགོན་པའི་ མི་ག་ར་ ལེགས་ཤོམ་ཡོད་པའི་ཁར་ མགྲོན་སྐྱོང་ཡང་ ལེགས་ཤོམ་ཐོབ་ཡོདཔ་མ་ཚད་ གཡུས་སྒོ་དེ་ཡང་ དགའ་ཏོག་ཏོ་འདུག་ཟེར་ཨིནམ་ད་ དུས་ཚོད་འཐོབ་པ་ཅིན་ ཤུལ་ལས་ཡང་ ཚེས་བཅུ་མཇལ་བར་ འོང་ནི་དང་ མོན་ཏ་ཝང་གི་ མི་ཚུ་ཡང་ འཁྱིད་འོང་ནིའི་ རེ་བ་ཡོད་ཟེར་ཨིན་པས།
ཚེ་རིང་མཚོ་མོ་གིས་ སླབ་མིའི་ནང་ ལོ་བསྟར་ཚེས་བཅུ་ མཇལ་ནི་དང་གཅིག་ཁར་ བཀྲིས་གཡང་རྫོང་ཁག་ནང་ཡོད་པའི་ ཨྱོན་གུ་རུའི་གནས་ བྱིན་རླབས་ཅན་ཚུ་ཡང་ མཇལ་ནི་ཟེར་ཨིནམ་ད་ ལོག་གཡུས་ཁར་ སོང་ཞིནམ་ལས་ མི་ཚུ་ལུ་ ཚེས་བཅུ་གི་ ལོ་རྒྱུས་ཚུ་ བཤད་བྱིན་ནི་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ སྣང་མཁར་དགོན་པ་ལུ་སྡོད་མི་ མང་ཤོས་ཅིག་ར་ ཏ་ཝང་ལུ་ ཚོང་འབྲེལ་འཐབ་པར་ འོང་དོ་ཡོདཔ་ལས་ མཐུན་ལམ་ཡོད་རུང་ དེ་བཟུམ་མའི་ བྱིན་རླབས་ཅན་གྱི་ ཚེས་བཅུའི་སྐོར་ལས་ ལོ་རྒྱུས་མ་གོ་ཟེར་ཨིནམ་ད་ ད་ལས་ཕར་ ཧེ་མ་ལས་ལྷག་སྟེ་ མཐུན་ལམ་དམ་ཟབ་འགྱོ་བའི་ རེ་བ་ཡོད་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ མོན་ཏ་ཝང་གི་ མི་ཚུ་གིས་ རྒྱན་ཆ་ཚུ་བཏགས་ཏེ་ རྒྱལ་ཡོངས་རྒྱན་ཆས་ ཤིང་ཀ་ལ་སོགས་པ་ཚུ་ ཉམས་ནི་གུ་ ལྷོད་དེ་ཡོད་ཟེར་ཨིནམ་ད་ ད་རེས་ རྒྱལ་ཁབ་ཀྱི་ ཚེས་བཅུ་ཚུ་གི་སྐབས་ འབྲུག་མི་ཚུ་གིས་ ཤིང་ཀ་གྱོན་ཐོག་ལས་ ཞབས་ཁྲ་རྐྱབ་དོ་ཡོད་མི་དེ་ སྲོལ་བཟང་པོ་ཅིག་ཨིནམ་ལས་ སེམས་དགའ་ཡི་ཟེར་ཨིན་པས།
གཞན་ཚུ་གིས་ སླབ་མིའི་ནང་ ཁོང་གི་ གཡུས་ཁ་ལུ་ཡང་ ཚེས་བཅུ་འགོ་འདྲེན་འཐབ་ནི་ཡོད་རུང་ འབྲུག་པའི་ཚེས་བཅུ་དང་ རྩ་ལས་མ་འདྲ་མི་དེ་ཡང་ ཁོང་གི་ ཚེས་བཅུའི་སྐབས་ ཨ་ཅེ་ལྷ་མོ་དང་ སྐུ་འཆམ་དག་པ་ཅིག་མ་གཏོགས་ མེད་ནི་དེ་གིས་ཨིནམ་ད་ འབྲུག་ལུ་འབད་བ་ཅིན་ པད་གླིང་གིང་༣ ལ་སོགས་པའི་ སྐུ་འཆམ་མ་འདྲཝ་ ལེ་ཤ་ཡོད་པའི་ཁར་ ཞབས་ཁྲའི་ལེའུ་ཚུ་ཡང་ མ་འདྲཝ་སྦེ་ ཡོད་མི་ལུ་བརྟེན་ཨིན་ཟེར་ ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

 

About admin

Check Also

གནས་ཚུལ་མདོར་བསྡུས།

ཁ་ཙ་ ཐིམ་ཕུག་ལུ་ རྒྱ་གར་གྱི་ མི་སྡེ་གིས་ རྒྱ་གར་གཞུང་ཚབ་ལས་ཁང་ནང་སྦེ་ མི་སེར་རང་དབང་གི་ཉིནམ་ ཐེངས་༧༡ པ་ བརྩི་སྲུང་ཞུ་སར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་སྐུ་ཚབ་ རྒྱལ་པོའི་གཟིམ་དཔོན་དང་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་གིས་ གྲལ་གཏོགས་གནང་ཡོད་པའི་གནས་ཚུལ།

Leave a Reply

Your email address will not be published. Required fields are marked *