གླིང་མཁར་གཡུས་ཚན་གྱི་མགུ་ལུ་ མཇལ་ཚུགས་མི་ ཀ་ཀ་ནི་ལྷ་ཁང་།

མོང་སྒར་ ཀ་ཀ་ནི་ལྷ་ཁང་གི་ རྒྱབ་ཁུངས་མདོར་བསྡུས།

༉ མོང་སྒར་ཐང་རོང་རྒེད་འོག་ གླིང་མཁར་གཡུས་ཚན་གྱི་མགུ་ལུ་ སྤོ་ཏོ་ཅིག་གུ་ ཟངས་མདོག་དཔལ་རི་དང་འདྲ་བའི་ ཀ་ཀ་ནི་ལྷ་ཁང་དེ་ ཡ་མཚན་ཆེ་ཏོག་ཏོ་སྦེ་ མཇལ་ཚུགསཔ་ཨིན་པས།
བྱིན་རླབས་ཅན་གྱི་ལྷ་ཁང་དེ་ ཐག་རིང་ས་ལས་ མཇལཝ་ཙམ་ཅིག་གིས་ ལུས་སེམས་གཉིས་ཆ་ར་ལུ་ ཞི་བདེ་དང་དགའ་བ་ ཚད་མེད་མྱོང་ཚུགསཔ་ཨིན་པས།
ལྷ་ཁང་དེ་ནང་ མཆོད་རྟེན་རྙིང་ཤོས་༢ མཇལ་ཚུགས་པའི་ཁར་ གུ་རུ་རིན་པོ་ཆེ་དང་ སྟོན་པ་ དེ་ལས་ སྤྱན་རས་གཟིགས་ཀྱི་ སྐུ་འདྲ་རྙིངམ་ཚུ་ མཇལ་ཚུགསཔ་ཨིན་པས།
ལྷ་ཁང་དེ་ གླིང་མཁར་སྤྱི་འོག་གི་ མི་སེར་ཚུ་གི་དོན་ལུ་ ཕྱག་འཚལ་ས་དང་ སྐྱབས་འཚོལ་སའི་རྟེན་ ཁྱད་པར་ཅན་ཅིག་ཨིནམ་ད་ ལྷ་ཁང་དེ་ནང་ སྒོམ་སྡེའི་སྒོམ་ཆེན་ཚུ་གིས་ ཉིན་བསྟར་བཞིན་དུ་ ཕྱག་མཆོད་དང་ གསོལ་ཁ་ཚུ་ ཕུལ་དོ་ཡོདཔ་ཨིན་པས།
ལོ་༣༠༠ གི་ཧེ་མར་ ལྷ་ཁང་དེ་ནང་ གཡུས་མི་ཚུ་གིས་ དམར་མཆོད་ཕུལ་སྲོལ་ཡོདཔ་ད་ དེ་ཡང་ ལོ་བསྟར་བཞིན་དུ་ རྟ་དང་ གླང་ ར་ ལུག་ ཕགཔ་ དེ་ལས་ བྱ་ཚུ་ ལྷ་ཁང་ཚུན་ ཁྱིད་འོང་ཞིནམ་ལས་ དམར་བསད་འབད་དེ་ ཁྲག་དང་དོན་ཧིང་ཚུ་ ཚ་ཏོམ་སྦེ་ ཕུལ་དོ་ཡོདཔ་ཨིན་པས།
ས་གནས་ཀྱི་ མི་ཚུ་གིས་ དམར་མཆོད་ཕུལ་ནི་ལུ་ གཙོ་བོར་བཏོན་མི་ལུ་བརྟེན་ གཡུས་ཚན་ནང་ ནད་ཡམས་མུ་གེ་ལ་སོགས་པའི་ དཀའ་སྡུག་ཚབས་ཆེན་ཐོན་པའི་སྐབས་ བོད་ལས་བྱོན་མི་ བླམ་ཁྱད་པར་ཅན་ཅིག་གིས་ ལྷ་ཁང་དེ་ནང་ ཞབས་བཅགས་གནང་ཞིནམ་ལས་ དམར་མཆོད་ཕུལ་ནིའི་ ལམ་སྲོལ་དེ་ བཀག་དམ་འབད་ནུག་ཟེར་ ཨིན་པས།
གླིང་མཁར་ཚོགས་པ་ བསོད་ནམས་རྡོ་རྗེ་གིས་ སླབ་མིའི་ནང་ བོད་ལས་བྱོན་མི་ ཨ་ཙ་ར་རིན་པོ་ཆེ་མཆོག་གིས་ གླིང་མཁར་སྤྱི་འོག་གི་ ལྷ་ཁང་ནང་ བྱོན་ཞིནམ་ལས་ ཧེ་མ་ སེམས་ཅན་སྲོག་གཅོད་དེ་ དོན་ཧིང་དང་ ཁྲག་ཚ་ཏོམ་ཕུལ་སའི་མཆོད་བཤམ་དེ་ བཤིག་གཏང་ཞིནམ་ལས་ དམར་མཆོད་ཕུལ་མ་ཆོགཔ་སྦེ་ བཟོ་གནང་ནུག་ཟེར་ཨིན་པས།
སྤྱི་ལོ་༡༧༨༠ལུ་ བཀའ་དང་དམ་གནང་ཞིནམ་ལས་ རིན་པོ་ཆེ་གིས་ ལྷ་ཁང་ནང་ བཀའ་དམ་མཆོད་རྟེན་བཞེངས་ཡོདཔ་ད་ དེ་གི་ཤུལ་ལས་ གཡུས་ཚན་ནང་ སྦུལ་ཚུ་ཐོན་ཏེ་ མི་ཚུ་ལུ་ སྟབས་མ་བདེ་བའི་དཀའ་ངལ་བྱུང་ཡོད་མི་དེ་ རིན་པོ་ཆེ་གིས་ ཞབས་དྲུང་རིན་པོ་ཆེའི་ མཆོད་རྟེན་བཞེངས་དགོཔ་སྦེ་ ལུང་བསྟན་གནང་མི་དང་འཁྲིལ་ ཞབས་དྲུང་མཆོད་རྟེན་ཅིག་ཡང་ བཞེངས་ཏེ་འདུག།
དེ་ལས་འགོ་བཟུང་ དམར་མཆོད་འབད་མི་དེ་ རྩ་མེད་སོང་ཡོདཔ་བཞིན་དུ་ མི་ཚུ་གིས་ ནང་པའི་ཆོས་འབད་ནི་འགོ་བཙུགས་ཡོདཔ་མ་ཚད་ ནད་ཡམས་མུ་གེ་ཚུ་ཞི་སྟེ་ དགའ་སྐྱིད་ཀྱི་ཉིམ་ཤར་ནུག་ཟེར་ ཚོགས་པ་གིས་ སླབ་ཨིན་པས།
དེ་ལས་ སྒོམ་སྡེ་གཞི་བཙུགས་འབད་བའི་ཁར་ སྒོམ་ཆེན་ཚུ་གིས་ པདྨ་གླིང་པའི་ ཆོས་རྗེ་གདུང་བརྒྱུད་ཀྱི་ བླམ་ཅིག་ལས་ ཆོས་ཞུ་སྟེ་ པད་གླིང་ཆོས་འཁོར་དང་ ཚེས་བཅུ་འགོ་འདྲེན་འཐབ་པའི་སྐབས་ པདྨ་གླིང་པའི་ སྐུ་འཆམ་རྩ་ཅན་ཚུ་ མཇལ་ཁ་གནང་ནི་ཡོདཔ་ཨིན་པས།
དཀོན་གཉེར་འབད་མི་ འཇིགས་མེད་རྡོ་རྗེ་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ ཐང་རོང་རྒེད་འོག་ནང་ ལྷ་ཁང་མེདཔ་ལས་ མི་ཚུ་གིས་ སྐྱབས་དང་མགོན་འཚོལ་བར་ ཀ་ཀ་ནེ་ལྷ་ཁང་ནང་ འོང་ནི་ཡོད་ཟེར་ཨིན་པས།
ད་རེས་ ལོ་བསྟར་གྱི་ཚེས་བཅུ་ འགོ་འདྲེན་འཐབ་པའི་སྐབས་ དགྲ་མེད་རྩེ་དང་ སྔ་ཚང་ དེ་ལས་ ལྕགས་སི་མཁར་རྒེད་འོག་ཚུ་ལས་ མི་སེར་བརྒྱ་ཕྲག་ལས་བཅད་དེ་ སྤུངས་འཛོམས་འབད་དོ་ཡོདཔ་ཨིན་པས།
ལྷ་ཁང་དེ་ སྤྱི་ལོ་༢༠༠༩ ལུ་ ས་ཡོམ་གྱི་རྐྱེན་ངན་གྱིས་ གག་གྲམ་ཕོག་ཡོདཔ་ལས་ མི་ཚུ་གིས་ ཉམས་གསོ་ཞུ་ཡོདཔ་ཨིན་པས།
དཀོན་གཉེར་འཇིགས་མེད་རྡོ་རྗེ་གིས་ སླབ་མིའི་ནང་ ལྷ་ཁང་ནང་ ཚེས་བཅུ་དང་ རིམ་གྲོ་ཚུ་ འགོ་འདྲེན་འཐབ་པའི་སྐབས་ གདོང་ལེན་སྦོམ་ཤོས་ར་ ལྷ་ཁང་གི་ས་གོ་དེ་ ཆུང་སོཔ་ལས་ སྒོམ་ཆེན་ཚུ་ མ་ཤོང་པའི་དཀའ་ངལ་དང་ ཕྱི་ཁར་ མི་སེར་ཚུ་ མ་ཤོང་པའི་གདོང་ལེན་ བྱུངམ་མས་ཟེར་ཨིན་པས།
མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ས་གནས་ག་ཏེ་སྡོད་རུང་ ལོ་བསྟར་གྱི་ཚེས་བཅུ་སྐབས་ སྐྱེས་ལྷ་དང་གཡུས་ལྷ་ལུ་ གསོལ་མཆོད་ཕུལ་བར་ ངོ་མ་སྦེ་འོང་དགོ་ཟེར་ཨིནམ་ད་ གལ་སྲིད་ ལྷོད་མ་ཚུགས་པ་ཅིན་ ན་ནི་ཚ་ནི་དང་ རྐྱེན་ངན་ཚུ་ འབྱུང་ནི་ཡོད་ཟེར་ཨིན་པས།
གཡུས་མི་ཚུ་གིས་ སླབ་མིའི་ནང་ ཉིན་བསྟར་གྱི་ གསོལ་མཆོད་དང་ ཟླ་རིམ་བཞིན་དུ་ ཚེས་བཅུ་འགོ་འདྲེན་ འཐབ་མ་ཚུགས་པར་ ལུས་སོ་པ་ཅིན་ གཡུས་ཁ་ལུ་ ནད་གཞི་འཐོན་ནི་དང་ ཤི་རྐྱེན་ཚུ་ འབྱུང་ནི་ཡོད་ཟེར་ཨིན་པས།
ལྷ་ཁང་དེ་ གཞུང་དབང་ལྷ་ཁང་ཨིན་རུང་ མོང་སྒར་བཀའ་དམ་དགོན་པ་ལུ་ཡོད་པའི་ ཞིང་གཤེགས་བླམ་ཀརྨ་དབང་འདུས་ཀྱི་ སྒོམ་ཆེན་༥༠ ལྷགཔ་ཅིག་ཡོད་མི་ཚུ་གིས་ འགོ་འདྲེན་འཐབ་དོ་ཡོདཔ་ ཨིན་པའི་གནས་ཚུལ།

གླིང་མཁར་གཡུས་ཚན་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མི་དམངས་མཁོ་སྒྲུབ་ཞལ་འཛོམས་ ནངས་པར་མཇུག་བསྡུ་ནི།

༉ ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་འཐུས་མི་རྒྱལ་ཁབ་༨ ནང་ མི་དམངས་མཁོ་སྒྲུབ་དང་འབྲེལ་བའི་ལམ་ལུགས་དང་ ཁྲིམས་འབྲེལ་གྱི་ལཱ་ཚུ་ ཡར་དྲག་སོང་སྟེ་ཡོད་རུང་ བསྟར་སྤྱོད་འབད་ནིའི་ནང་ གདོང་ལེན་འབྱུང་བཞིན་དུ་ཡོདཔ་ལས་ མི་དམངས་མཁོ་སྒྲུབ་ཞལ་འཛོམས་ཐེངས་༦ པ་དེ་ ཁྱད་རིག་མཁོ་སྒྲུབ་འབད་ནིའི་བརྗོད་དོན་ཐོག་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོདཔ་ཨིན་པས། ཞལ་འཛོམས་དེ་ཡང་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་དང་ …

Leave a Reply

Your email address will not be published. Required fields are marked *