མི་མང་ལུ་ ཚེས་བཅུ་མཇལ་ཁ་གནང་པའི་བསྒང་།

མོང་སྒར་སྔ་ཚང་གི་ ལོ་བསྟར་ཚེས་བཅུ་ ཁ་ཙ་ མཇུག་བསྡུ་ཡོདཔ།

༉ མོང་སྒར་རྫོང་ཁག་ནང་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་སྲོལ་ཡོད་མི་ ཚེས་བཅུ་ཚུ་གི་གྲས་ལས་ མཇུག་ཨིན་མི་ སྔ་ཚང་ཚེས་བཅུ་དེ་ རང་ཟླ་༡༢ པའི་ཚེས་༡༥ ལུ་ མི་མང་ལུ་ གུ་རུ་མཚན་བརྒྱད་ཀྱི་སྐུ་འཆམ་ སྤྱན་འབུལ་ཕུལ་བའི་ཤུལ་ལས་ གུ་རུའི་ཕྱག་དབང་གནང་སྟེ་ གྲོལ་ཡི།
དེ་བསྒང་ མོང་སྒར་ཁྲོམ་ཁར་སྡོད་མི་དང་ སྔ་ཚང་རྒེད་འོག་ དེ་ལས་ ཉེ་འདབས་ཀྱི་གཡུས་ཚན་ཚུ་ནང་ལས་ དད་ཅན་བརྒྱ་ཕྲག་ལས་བཅད་དེ་ སྤུངས་འཛོམས་འབད་ཡི།
ཚེས་བཅུ་དེ་ཡང་ མི་སྡེ་མཐུན་སྦྲེལ་ཐོག་ལས་ སྔ་ཚང་དང་ ཐུམ་བཱ་རི་ དེ་ལས་ ཕ་ནཱསི་སྤྱི་འོག་༣ གྱི་ མི་སེར་ཚུ་ལས་ ཞལ་འདེབས་བསྡུ་བླངས་ཐོག་ འགོ་འདྲེན་འཐབ་བཞིན་མི་དེ་ མི་སྡེའི་མཐུན་འབྲེལ་ལེགས་ཤོམ་ཡོད་པའི་ རྟགས་མཚན་བཟང་པོ་ཅིག་ཨིན་པས།
ཕ་ནཱསི་སྤྱི་འོག་ནང་ལས་ སྐྱེས་ལོ་༦༠ ལང་མི་ བཀྲ་ཤིས་འཇིགས་མེད་ཀྱིས་ སླབ་མིའི་ནང་ གཞན་བཟུམ་སྦེ་ སྦྱིན་བདག་སྦོམ་འབད་མ་ཚུགས་རུང་ གཡུས་ཁའི་མི་ཚུ་གིས་ ཉོགས་བཤད་ག་ནི་ཡང་མེད་པར་ ཞལ་འདེབས་མང་མང་ཉུང་ཉུང་རེ་ བྱིན་ནིའི་དང་འདོད་བསྐྱེདཔ་ཟེར་ཨིན་པས།
སྤྱི་འོག་༣ ནང་ ཁྱིམ་གུང་པ་༡༠༠ ལྷགཔ་ཅིག་ཡོད་མི་ཚུ་གིས་ ཚེས་བཅུའི་དོན་ལུ་ དངུལ་ཀྲམ་༡༠༠༠ རེ་དང་ གཡུས་ཆུམ་བྲེ་༣ དར་ཚིལ་དང་གོང་རྡོག་༥ རེ་ མར་ཀེ་ཇི་ཕྱེད་ དེ་ལས་ མཛརཝ་བྲེ་རེ་ བསྡུ་ལེན་འབད་དེ་ ཚེས་བཅུ་འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
ཕ་ནཱསི་ལས་ ཚེས་བཅུ་མཇལ་བར་འོང་མི་ སྐྱེས་ལོ་༧༩ ལང་མི་ ཨང་རྒས་སངས་རྒྱས་ཀྱིས་ སླབ་མིའི་ནང་ ཚེས་བཅུ་མཇལ་མར་ ཐག་རིང་སར་མ་ལྷོད་རུང་ གཡུས་ཁའི་ལོ་བསྟར་ཚེས་བཅུ་སྐབས་ མ་ཆད་པར་ མཇལ་བར་འོངམ་ཨིན་ཟེར་ཨིན་པས།
ཕ་ནཱསི་ཚོགས་པ་ སྐལ་བཟང་རྣམ་རྒྱལ་གྱིས་ སླབ་མིའི་ནང་ ཚེས་བཅུའི་དོན་ལུ་ འཆམ་པ་དང་ ཞབས་ཁྲ་རྐྱབ་མི་ཚུ་གིས་ ཟླཝ་ལས་བཅད་དེ་ སྦྱང་བ་འབད་དགོ་མི་ལུ་ མང་ཤོས་ཅིག་གིས་ ངོས་ལེན་འབད་རུང་ འཐུས་སོ་སོར་མེད་ནི་དེ་གིས་ སོ་ནམ་པ་འབདཝ་ལས་ འོང་འབབ་ཀྱི་ལཱ་འབད་ནིའི་དོན་ལུ་ ཐོ་ཕོགཔ་མས་ཟེར་ཨིན་པས།
སྤྱི་འོག་༣ གྱི་ མི་སེར་ཚུའི་བར་ན་ བློ་བོ་སླབ་སྟེ་ འཆམ་པ་དང་ཞབས་ཁྲ་རྐྱབ་མི་ཚུ་ལུ་ ཞལ་འདེབས་བསྡུ་བླངས་ དགོངས་ཡངས་བཏངམ་ཟེར་ ཁོ་གིས་ སླབ་ཨིན་པས།
སྐལ་བཟང་རྣམ་རྒྱལ་གྱིས་ སླབ་མི་དང་འཁྲིལཝ་ད་ སྔ་ཚང་གི་ ལོ་བསྟར་ཚེས་བཅུ་དེ་ མི་སེར་ཚུ་གིས་ འགོ་འདྲེན་འཐབ་སྟེ་ ལོ་ངོ་༣༦ དེ་ཅིག་ལང་ཡོདཔ་ད་ འཕྲལ་འཕྲལ་ ས་གནས་ཀྱི་ ཞི་གཡོགཔ་ཚུ་གིས་ སྦྱིན་བདག་ཐོནམ་མ་ཚད་ ཞལ་འདེབས་ཚུ་ བསྡུ་ནི་ཡོད་ཟེར་ཨིན་པས།
སྔ་ཚང་རྒཔོ་ རྡོ་རྗེ་ལས་སྐྱིད་ཀྱིས་ སླབ་མིའི་ནང་ ཧེ་མ་དང་ཕྱདཔ་ད་ འཆམ་རྐྱབ་མི་དང་ ཞབས་ཁྲ་རྐྱབ་མིའི་གྱངས་ཁ་ མར་བབས་སོང་ཡོད་མི་ལུ་ མ་འོངས་པར་ ལམ་སྲོལ་ཉམས་ཉེན་ཆེ་བའི་ཚ་གྱང་ཡོད་རུང་ སྔ་ཚང་ཚེས་བཅུ་དེ་ སློབ་གྲྭའི་གནམ་དགུན་གྱི་ ངལ་གསོ་ལུ་ཕོག་ནི་དེ་གིས་ སྔ་ཚང་ལས་ཨིན་མི་ འཆམ་རྐྱབ་མི་ སློབ་ཕྲུག་དག་པ་ཅིག་དང་ ཞབས་ཁྲ་རྐྱབ་མི་བུམོ་གི་སྡེ་ཚན་ཅིག་གིས་ གྲལ་གཏོགས་འབད་མི་ལུ་བརྟེན་ ཕན་ཐོགས་སྦོམ་བྱུང་ཡི་ཟེར་ཨིན་པས།
སྔ་ཚང་ཚེས་བཅུའི་དོན་ལུ་ སྔ་ཚང་གྲྭ་ཚང་གིས་ བཅའ་སྒྲིག་དང་ འགོ་འདྲེན་ནང་ ཧེ་མ་ ཡོངས་གྲགས་ཅན་གྱི་ འཛིན་གྲྭ་༤ པ་ཚུན་ བཤད་གྲྭ་ཡོད་མི་དེ་ སྤྱི་ལོ་༢༠༠༠ ལུ་ མོང་སྒར་སྐྱིད་བདེ་མཁར་ལུ་ སྤོ་བཤུད་འབད་དེ་ གྲྭ་ཚང་ལུ་གྱུར་ཡོདཔ་ད་ ད་ལྟོ་ གྲྭ་ཚང་ནང་ ཞལ་གྲངས་༣༠ དེ་ཅིག་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། སྔ་ཚང་།

 

About admin

Check Also

འགྲོ་འགྲུལ་བཀག་དམ་སྐབས་ རང་དང་གཞན་གྱི་ཉེན་སྲུང་དོན་ལུ་ རང་སོའི་ཁྱིམ་ནང་སྡོད་དགོཔ།

༉ ད་རེས་ཁམས་ ཟུར་བཞག་ས་ཁོངས་ནང་ ལོག་ཅི་ར་ བརྟག་དཔྱད་འབད་དེ་ ལོག་བཏང་མི་ཨམ་སྲུ་ཅིག་ ཀོ་རོ་ན་བའེ་རཱསི་ནད་འབུབ་ཡོད་པའི་ ནད་བརྟག་གྲུབ་འབྲས་ཐོན་མི་དང་འཁྲིལ་ ཁ་ཙ་ལས་འགོ་བཙུགས་ རྒྱལ་ཁབ་མཐའ་དབུས་མེད་པར་ འགྲོ་འགྲུལ་བཀག་དམ་ཡོདཔ་བཞིན་དུ་ ཨམ་སྲུ་དེ་དང་གཅིག་ཁར་ འབྲེལ་བ་འཐབ་མི་ཚུ་ འཚོལ་ཞིབ་ཐོག་ལས་ བརྟག་དཔྱད་འབད་བའི་བསྒང་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *