མོང་སྒར་ལུ་ ས་སྣུམ་མ་ལང་པའི་ དཀའ་ངལ་ཐོན་ཡོདཔ།

༉ མོང་སྒར་ཁྲོམ་ནང་སྡོད་མི་ སྣུམ་འཁོར་ཆུང་བའི་ ཇོ་བདག་ཅིག་ཨིན་མི་ རྒྱལ་མཚན་གྱིས་ རེས་གཟའ་ཕུར་བུ་ལུ་ ཁོ་རའི་ ལཱ་ཁག་ཆེ་ཏོག་ཏོ་ཅིག་ཐོན་ཏེ་ གླིང་མེད་ཐང་ལུ་ འགྱོ་ནིའི་དོན་ལས་ མོང་སྒར་ས་སྣུམ་བཀྲམ་སྤེལ་ཁང་ནང་ མར་ཁུ་བླུག་པར་ཚར་༢ དེ་ཅིག་འགྱོ་རུང་ ས་སྣུམ་མེད་ནི་དེ་གིས་ འཆར་གཞི་བཤོལ་བཞག་འབད་དགོཔ་ ཐོན་ཡོདཔ་ཨིན་པས།

ཨིན་རུང་ ས་སྣུམ་བཀྲམ་སྤེལ་ས་ཁོངས་ནང་ ས་སྣུམ་མེད་པར་ ཉིནམ་༢ ལང་བའི་ཤུལ་ལས་ ཁ་ཙ་ཉིན་མ་ཁམས་ཅིག་ལས་ ས་སྣུམ་པེ་ཊཱོལ་ལི་ཊར་༡༢,༠༠༠ འབག་མི་ སྣུམ་འཁོར་ཊེང་ཀར་ཅིག་གིས་ ས་སྣུམ་བསྐྱལ་བའི་ཤུལ་ལས་ ས་སྣུམ་བསགས་མཛོད་ནང་ ཕབ་ལེན་འབད་ལོང་མེད་པར་ སྣུམ་འཁོར་ཆུང་བ་ཚུ་གིས་ ག་ཐོབ་རྐྱབ་སྟེ་ བླུག་སར་མཐོངམ་ཨིན་པས།

རྒྱལ་མཚན་གྱིས་ སླབ་མིའི་ནང་ ཁྲོམ་ཁར་ས་སྣུམ་མེད་པར་ ཡུན་རིངམོ་སྦེ་ ལུས་འོང་མནོ་ཡོད་རུང་ ཞག་༢ དེ་ཅིག་གི་རྒྱབ་ལས་ འཐོབ་ཚུགས་ནི་དེ་གིས་ སེམས་དགའ་ཡི་ཟེར་ཨིན་པས།

ཨིན་རུང་ ས་སྣུམ་ཌི་ཟིལ་ལི་ཊར་༡༢,༠༠༠ རེ་འབག་མི་ ཊེང་ཀཱར་༢ ད་རིས་ ཉིན་མ་ཁམས་ཅིག་ཁར་ ལྷོད་ནིའི་རེ་ཡོདཔ་ལས་ དཀའ་ངལ་དེ་ བསལ་ཚུགས་པའི་རེ་བ་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ རྒྱལ་པོའི་ཞིང་ལུ་ དམ་ཅན་ས་སྣུམ་བཀྲམ་སྤེལ་ས་ཁོངས་ནང་ ས་སྣུམ་རྫོགས་ཏེ་བདུན་ཕྲག་༡ དེ་ཅིག་ལང་བའི་ཤུལ་ལས་ ཁ་ཙ་ པེ་ཊཱོལ་ལི་ཊར་༤,༠༠༠ དང་ ཌི་ཟིལ་ལི་ཊར་༨,༠༠༠ འབག་མི་ སྣུམ་འཁོར་ཊེང་ཀཱར་ཅིག་ ལྷོད་པའི་ཤུལ་ལས་ རྒྱལ་པོའི་ཞིང་དང་ གླིང་མེད་ཐང་ དེ་ལས་ ས་ཁོངས་དེ་ནང་ལས་ ཕར་ཚུར་འགྲོ་འགྲུལ་འབད་མི་ཚུ་གི་ དཀའ་ངལ་དེ་ བསལ་ཚུགས་ནུག།

དེ་བཟུམ་སྦེ་ མོང་སྒར་ལུ་ ས་སྣུམ་ཌི་ཟིལ་བླུག་པར་འོང་མི་ སྣུམ་འཁོར་ཚུ་གིས་ མང་ཤོས་ཁག་འབག་གི་ བཟོ་སྐྲུན་གྱི་ལཱ་ཚུ་ནང་ ཐོ་ཕོག་པའི་སྐོར་ལས་ ཉོགས་བཤད་བཀོད་མི་ལུ་བརྟེན་ མོང་སྒར་ས་སྣུམ་བཀྲམ་སྤེལ་ཁང་གི་ འགོ་དཔོན་ཚུ་གིས་ སྣུམ་འཁོར་ཚུ་ མོས་མཐུན་ཐོག་ལས་ ཁ་ཙ་ རྒྱལ་པོའི་ཞིང་ལུ་བཏང་ཡོདཔ་ད་ རྒྱལ་པོའི་ཞིང་ས་སྣུམ་བཀྲམ་སྤེལ་ཁང་གིས་ སྣུམ་འཁོར་ཆེ་བ་ཚུ་ལུ་ ས་སྣུམ་ལི་ཊར་༥༠ རེ་བྱིན་ཡོདཔ་ཨིན་པས།

དུས་ཅི་ སྤྱི་ཟླ་༩ པའི་ནང་ཡང་ མོང་སྒར་ལུ་ པེ་ཊཱོལ་མེད་པར་ ཞག་ཕྱེད་དང་༢ དང་ ཌི་ཟིལ་མེད་པར་ ཞག་༡ དེ་ཅིག་སྡོད་ནུག།

མོང་སྒར་ལུ་ འབྲུག་ས་སྣུམ་བཀྲམ་སྤེལ་ལྟེ་བའི་འཛིན་སྐྱོང་པ་ ཚེ་དབང་རྡོ་རྗེ་གིས་ སླབ་མིའི་ནང་ མོང་སྒར་ལུ་ མར་ཁུ་མ་ལང་པའི་ དཀའ་ངལ་བྱུང་མི་དེ་ཡང་ མར་ཁུ་ཚུ་ རྒྱ་གར་ གུ་ཧ་ཊི་ཁྲོམ་ཁ་ལས་ བསམ་གྲུབ་ལྗོངས་མཁར་ཚུན་ ས་སྣུམ་སྐྱེལ་མི་ རྒྱ་གར་གྱི་སྣུམ་འཁོར་ཚུ་ བཀག་ཐོགས་ལུས་མི་དང་ བསམ་གྲུབ་ལྗོངས་མཁར་གྱི་ས་ཁོངས་ནང་ ཚོས་གཞི་དམརཔོ་གི་ས་ཁོངས་དེ་ རྒྱ་སྐྱེད་འབདཝ་དང་འབྲེལ་ ཕྱི་ཁ་ལས་འོང་མི་ སྣུམ་འཁོར་ཚུ་ ཧེ་མ་ ཁྲོམ་ཁ་ལས་ཀི་ལོ་མི་ཊར་༤ གི་ཕྱི་ཁར་བཞག་ཡོད་རུང་ ད་རེས་ནངས་པར་ པདྨ་དགའ་ཚལ་གྱི་འཛུལ་སྒོ་ ཚལ་གླིང་སྒོར་ཚུན་བཟོ་མི་དེ་ གཏན་འཁེལ་བཟོ་བའི་བསྒང་འབད་ནི་དེ་གིས་ ཨིན་མས་ཟེར་ཨིན་པས།

ཁོ་གིས་ བཤད་མིའི་ནང་ ས་ཁོངས་གཏན་འཁེལ་སོང་ཡོདཔ་བཞིན་དུ་ ས་སྣུམ་ཚུ་ ཨ་རྟག་ཧར་ལུགས་འོང་ནི་ཨིནམ་ལས་ ད་ལས་ཕར་ དཀའ་ངལ་མི་འཐོན་པའི་ རེ་བ་ཡོད་ཟེར་ཨིན་པས།

རྫོང་ཁག་གཞན་ཁ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ འགྲུལ་སྐྱོད་འབད་མི་སྣུམ་འཁོར་ཚུ་ དེད་གཡོགཔ་ཕྱི་ཁར་མ་འཐོན་པར་ ཕྲངམ་ཕྲང་སར་ སོང་ཞིནམ་ལས་ ཉིནམ་དེ་ནང་ར་ བསམ་གྲུབ་ལྗོངས་མཁར་ལས་ དོ་འབག་སྟེ་ ལོག་འོང་བའི་ལམ་ཁར་ ཚལ་གླིང་སྒོར་བརྒལ་དགོཔ་ཨིན་པས།

དེ་མིན་ དེད་གཡོགཔ་ཚུ་གིས་ རང་གིས་ ཟད་འགྲོ་གཏང་ཐོག་ལས་ བདུན་ཕྲག་༡ ཟུར་བཞག་སྡོད་དགོཔ་ཨིན་པས།

ས་སྣུམ་བཀྲམ་སྤེལ་ཁང་དང་ སྣུམ་འཁོར་ཆེ་བའི་ཇོ་བདག་ཚུ་གིས་ སླབ་མིའི་ནང་ སྣུམ་འཁོར་ཆེ་བ་ཚུ་ བསམ་གྲུབ་ལྗོངས་མཁར་ལས་ ཉིནམ་༡ ནང་ར་ དོ་བསྐྱལ་འབག་སྟེ་ ལོག་འོངམ་ད་ ཚལ་གླིང་སྒོར་བརྒལ་ནི་དེ་ གདོང་ལེན་ཅན་ཅིག་ཨིནམ་ལས་ ད་ལས་ཕར་ ས་སྣུམ་འཁོར་ཚུ་ ཞག་ཝམ་རོང་དང་ ཚལ་གླིང་སྒོར་ཚུ་ནང་སྡོད་ཞིནམ་ལས་ དེ་གི་ནངས་པར་ དྲོ་པ་སོང་ཞིནམ་ལས་ དོ་བསྐྱལ་ཏེ་ ལོག་འོང་ནིའི་ ཐབས་ཤེས་ཚུ་ བསྒྲིག་དོ་ཟེར་ཨིན་པས།

ཚེ་དབང་རྡོ་རྗེ་དང་འཁྲིལཝ་ད་ ས་སྣུམ་པེ་ཊཱོལ་ལི་ཊར་༡༢༠༠༠ འབད་མི་ ཊེང་ཀར་༡ གིས་ བདུན་ཕྲག་༡ དེ་ཅིག་ ལང་དོ་ཡོད་རུང་ ཌི་ཟིལ་འབད་བ་ཅིན་ ཉིནམ་༢ དང་༣ བར་ན་ ལང་དོ་ཡོད་མི་དེ་ཡང་ མང་ཤོས་ བཟོ་སྐྲུན་ས་ཁོངས་ཚུ་དང་ ཁྲོམ་གྱི་དོན་ལུ་ དོ་སྐྱེལ་མི་ སྣུམ་འཁོར་ཆེ་བ་དང་ བོ་ལེ་རོ་ཚུ་ མངམ་ཡོད་ནི་དེ་གིས་ཨིན་པས།

མོང་སྒར་ས་སྣུམ་བཀྲམ་སྤེལ་ལྟེ་བའི་ བསགས་མཛོད་ནང་ པེ་ཊཱོལ་ལི་ཊར་༢༠,༠༠༠ དང་ ཌི་ཟིལ་ལི་ཊར་ ༤༠,༠༠༠ གི་ ཤོང་ཚད་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

About admin

Check Also

གནམ་གཤིས་འགྱུར་བགྲོད་ཀྱིས་ སྐྱེ་ལྡན་རིགས་སྣ་ལུ་གནོད་ཉེན།

༉ རྒྱལ་སྤྱི་འཛམ་གླིང་ནང་ སྐྱེ་ལྡན་རིགས་སྣ་༡༡,༠༠༠ དེ་ཅིག་ཡོད་མི་ལས་ འབྲུག་རྒྱལ་ཁབ་འདི་ སྐྱེ་ལྡན་རིགས་སྣ་གིས་ ཕྱུག་མི་ཅིག་ཨིནམ་ད་ རྒྱལ་ཁབ་ཀྱི་ས་ཁོངས་དང་ སའི་ཆགས་ཚུལ་ སའི་དབྱིབས་དང་འཁྲིལ་ ཤིང་སྣ་དང་ སྲོག་ཆགས་སྣ་ཚོགས་ཀྱིས་ གང་ཡོདཔ་ཨིན། ཨིན་རུང་ འཛམ་གླིང་གངས་ལྗོངས་ནང་ …

Leave a Reply

Your email address will not be published. Required fields are marked *