མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་གི་ཕྱི་ཁར་ ཚ་རིམས་སྨན་བཅོས་ཁང་ནང་ བརྟག་དཔྱད་འབད་བར་སོང་མི་ཚུ།

མོང་སྒར་ལུ་ ཟུར་བཞག་ནད་བརྟག་ནང་ མི་ཕུད་རྡོག་གཅིག་ལས་མེདཔ།

ཨམ་སྲུ་༡ ཟུར་བཞག་ནང་ བདུན་ཕྲག་༢ བཞག་པའི་ཤུལ་ལས་བཏང་ནུག།

༉ མོང་སྒར་ལུ་ སྤྱི་ཟླ་༣ པའི་ཚེས་༢༡ ལས་འགོ་བཙུགས་ ཆ་གླིང་རྒེད་འོག་ལྟེ་བའི་ནང་ ཕོ་སྐྱེས་ཅིག་ ཟུར་བཞག་ནད་བརྟག་ཁང་ནང་བཞག་ནུག།
སྣུམ་འཁོར་ཊཱག་གི་དེད་གཡོགཔ་ སྐྱེས་ལོ་༣༧ ལང་མི་དེ་ འདས་པའི་བདུན་ཕྲག་ནང་ རྒྱ་གར་ཨ་སམ་གྱི་ཁྲོམ་སྡེ་ རང་གི་ཡ་ལུ་ སོང་མི་ལུ་བརྟེན་ ངང་ལམ་གྱི་ ས་མཚམས་འགེགས་སྲུང་སྒོ་ར་ནང་ ནད་ཡམས་ཀོ་རོ་ན་བའི་རཱསི་དང་འབྲེལ་བའི་ བརྟག་དཔྱད་འབད་བའི་ཤུལ་ལུ་ རྒེད་འོག་ནང་ལྷོདཔ་ད་ ཁྲིམས་སྲུང་འགག་སྡེའི་ བརྡ་དོན་དང་འཁྲིལ་ ཟུར་བཞག་ཡོདཔ་ཨིན་པས།
མོང་སྒར་ལུ་ ཟུར་བཞག་ནད་བརྟག་ཁང་གི་ སྡེ་ཚན་འགོ་འདྲེན་པ་ པདྨ་ཆོས་སྒྲོན་གྱིས་ སླབ་མིའི་ནང་ ཁྲིམས་སྲུང་འགག་པ་གིས་ རྒེད་འོག་གཞི་རྟེན་སྨན་ཁང་གི་ གསོ་བའི་ལས་རོགསཔ་ལུ་ སྙན་ཞུ་འབད་བའི་ཤུལ་ལུ་ ཕོ་སྐྱེས་དེ་ ངོས་འཛིན་འབད་ཞིནམ་ལས་ ཁོ་རའི་བཟའ་ཚང་འཐུས་མི་ཚུ་དང་ ཕྱད་མ་བཅུག་པར་ ཟུར་བཞག་ནད་བརྟག་ཁང་ནང་ བཞག་ཡོད་ཟེར་ཨིན་པས།
མོང་སྒར་རྫོང་ཁག་ནང་ ད་ཚུན་གྱི་བར་ན་ མི་༢ ཟུར་བཞག་ཡོདཔ་ད་ དུ་བཱ་ཡེ་ལུ་ ལཱ་འབད་མི་ ཨམ་སྲུ་སྐྱེས་ལོ་༢༥ ལང་མི་དེ་ ཁྱིམ་ནང་ཉིན་གྲངས་༡༤ གི་རིང་ ཟུར་བཞག་པའི་ཤུལ་ལས་ ཁ་ཙ་ བཏང་ནུག།
མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ནང་བཟོ་མི་ ཟུར་བཞག་ནད་བརྟག་ལྟེ་བ་དེ་ སྤྱི་ཟླ་༣ པའི་ཚེས་༡༦ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ མོང་སྒར་ལུ་བྱོནམ་ད་ བཀའ་རྒྱ་གནང་མི་དང་འཁྲིལ་ རྒྱལ་པོའི་མགྲོན་ཁྱིམ་ནང་ སྤོ་བཤུད་འབད་ཡོདཔ་ཨིན་པས།
ཟུར་བཞག་ནད་བརྟག་ཁང་ནང་ ཉལ་ཁྲི་༢༩ ཡོདཔ་ད་ ཉལ་ཁྲི་༧ འབད་མི་ གློ་བུར་སྨན་བཅོས་སྡེ་ཕྲན་ཡང་ གཞི་བཙུགས་འབད་དེ་འདུག།
ལུང་ཕྱོགས་གཙོ་བསྟེན་སྨན་ཁང་གི་ གསོ་བའི་འགོ་འཛིན་ ཌོག་ཊར་དཔལ་ལྡན་དབང་ཕྱུག་གིས་ སླབ་མིའི་ནང་ ཉལ་ཁྲི་༧ ལས་༥ མི་སྦོམ་དང་༢ ཨ་ལུའི་དོན་ལུ་ ལག་ལེན་འཐབ་ནི་ཟེར་ཨིནམ་ད་ དེ་ཚུ་གི་གྲས་ལས་ ཉལ་ཁྲི་༣ གྱི་ཁང་མིག་ཚུ་ལུ་ རླུང་འཛུལ་མཐུན་རྐྱེན་ཡོདཔ་ལས་ ལག་ལེན་གྱི་དོན་ལུ་ གྲ་སྒྲིག་ཡོད་རུང་ རླུང་འཛུལ་མཐུན་རྐྱེན་༥ གི་དོན་ལས་ ད་ལྟོ་ གསོ་བའི་ལྷན་ཁག་ལུ་ ཡི་གུ་བཙུགས་ཡོད་ཟེར་ཨིན་པས།
ད་རུང་ ལུང་ཕྱོགས་གཙོ་བསྟེན་སྨན་ཁང་གི་ཕྱི་ཁར་ ནད་བརྟགམཐུན་རྐྱེན་ཚུ་ སྤྱི་ཟླ་༣ པའི་ཚེས་༡༩ ལས་ གཞི་བཙུགས་འབད་ཡོདཔ་ད་ ད་ལྟོ་ཚུན་ཚོད་ མོང་སྒར་ལུ་ མི་ཕུད་རྡོག་གཅིག་ལུ་ བརྟག་དཔྱད་འབདཝ་ད་ COVID-19 ནད་འབུབ་མེད་པའི་ གྲུབ་འབྲས་ཐོན་ནུག།
སྤྱི་ཟླ་༣ པའི་ཚེས་༡༡ ལས་རྐྱངམ་གཅིག་ སྨན་ཁང་གི་ཕྱི་ཁར་ ཚ་རིམས་སྨན་བཅོས་ཁང་ གཞི་བཙུགས་ཐོག་ ཐོ་བཀོད་འབད་ནི་ འགོ་བཙུགས་ཡོདཔ་ད་ ཁ་ཙ་ཚུན་ཚོད་ ཚ་རིམས་དང་འབྲེལ་བའི་ བརྟག་དཔྱད་འབད་བར་ མི་༢,༦༠༠ ལྷོད་ནུག།
ཐབས་ལམ་གཞན་ཚུ་གི་གྲས་ལས་ སྨན་ཁང་ནང་ ནདཔ་རེ་ལུ་ ནད་གཡོགཔ་རེ་དང་ སྐྱེས་ལོ་༡༢ འོག་རྒྱུ་འབད་མི་ ཨ་ལོ་ཚུ་ སྨན་ཁང་ནང་འཛུལ་ནི་ལས་ བཀག་འཛིན་འབད་དོ་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

 

About admin

Check Also

གསར་སྤང་རྫོང་ སྤྱི་ལོ་༢༠༢༣ ལུ་ བསྒྲུབ་མི་ཚུགས་ནི་བཟུམ་ཡོདཔ།

༉ གསར་སྤང་རྫོང་གསར་བཞེངས་ཀྱི་ལཱ་ནང་ ལས་མི་ལངམ་མེདཔ་ལས་ ཐོགས་ལུས་ཏེ་ཡོདཔ་ཨིན་པས། དེ་ཡང་ རྒྱ་གར་གྱི་ལས་མི་ ལག་རྩལ་ཅན་ཚུ་ ས་མཚམས་སྒོ་ར་བསྡམས་ཞིནམ་ལས་ཚུར་ ནང་ན་ལེན་མ་ཚུགས་པའི་ཁར་ ཉེ་འདབས་ཀྱི་ རྫོང་ཁག་ཚུ་ལས་འོང་མི་ ལས་མི་ཚུ་ཡང་ ཞིང་ལཱ་འབད་བར་ ལོག་ཁྱིམ་ནང་ སོང་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *