སྡོད་ཁྱིམ་མ་ལང་པའི་ དཀའ་ངལ་བྱུང་སྟེ་ཡོད་མི་ མོང་སྒར་ཁྲོམ།

མོང་སྒར་རྫོང་ཁག་ཚོགས་འདུ་གིས་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་ལུ་ གཞུང་ཁྱིམ་རྐྱབ་དགོ་པའི་བསྐྱར་ཞུ།

༉ མོང་སྒར་ཁྲོམ་ཁར་ སྡོད་ཁྱིམ་མ་ལང་པའི་ ཡུན་རིང་གི་དཀའ་ངལ་ སེལ་ཐབས་འབད་མ་ཚུགས་མི་དེ་ ཟླ་བ་གྲགས་པའི་ཕ་གི་སྲུང་དང་ འདྲ་ནི་མས་ཟེར་ མོང་སྒར་གྱི་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་ བཤདཔ་ཨིན་པས།
གནད་དོན་དེ་ཡང་ འདས་པའི་བདུན་ཕྲག་ནང་ མོང་སྒར་གྱི་ རྫོང་ཁག་ཚོགས་འདུ་འཚོགས་པའི་སྐབས་ རྒཔོ་དང་དམངས་མི་ཚུ་གིས་ མོང་སྒར་ཁྲོམ་ཁར་ སྡོད་ཁྱིམ་མ་ལང་པའི་དཀའ་ངལ་ བསལ་ནིའི་དོན་ལུ་ རྒྱལ་ཡོངས་ཁྱིམ་བཟོ་ལས་འཛིན་གྱིས་ སྡོད་ཁྱིམ་ཚུ་རྐྱབ་དགོ་པའི་ ཞུ་བ་ཕུལ་དགོ་པའི་སྐོར་ལས་ གྲོས་གཞི་བཙུགསཔ་ད་ རྫོང་ཁག་འགོ་དཔོན་ཚུ་གིས་ ཁྲོམ་ཁར་ ཁྱིམ་མ་རྐྱབ་པར་ལུས་མི་ ས་ཚན་ལེ་ཤ་ཡོདཔ་ལས་ དེ་ཚུའི་ནང་ ཁྱིམ་རྐྱབ་པ་ཅིན་ དཀའ་ངལ་སེལ་ཐབས་འབད་ཚུགས་ཟེར་ དོགས་སེལ་འབད་བའི་ཤུལ་ལས་ བྱུང་ཡི།
གནད་དོན་དེ་ཡང་ སྔ་ཚང་རྒཔོ་ རྡོ་རྗེ་ལས་སྐྱིད་ཀྱིས་ མོང་སྒར་རྫོང་ཁག་དེ་ ཤར་ཕྱོགས་ལུང་ཕྱོགས་ཀྱི་ ལྟེ་བ་ཅིག་ཨིན་པ་ལུ་བརྟེན་ གཞུང་སྒེར་ལས་འཛིན་གསུམ་གྱི་ ལུང་ཕྱོགས་ཡིག་ཚང་མང་རབས་ཅིག་དང་ ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ དེ་ལས་ ཚོང་པ་ཚུ་འབདཝ་ད་ ལོ་གཅིག་བ་ལོ་གཅིག་ མི་རློབས་ཡར་སེང་འགྱོཝ་བཞིན་དུ་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱི་ ཡིག་ཚང་ཁ་ཐུག་ལས་ གཞུང་ཁྱིམ་བཟོ་སྐྲུན་གནང་དགོཔ་འདུག་ཟེར་ ཞུ་ཡི།
མོང་སྒར་གཞིས་ཆགས་ལས་ཚན་གྱི་ བཟོ་བཀོདཔ་ སངས་རྒྱས་དབང་ཕྱུག་གིས་ ཁྲོམ་ཁར་ ས་གནས་ས་ཁོངས་འཆར་གཞི་ཁག་༥ ནང་ ས་ཚན་ཁག་༥༠༠ དེ་ཅིག་ཡོདཔ་ལས་ དེ་ཚུ་ནང་ ཁྱིམ་རྐྱབ་པ་ཅིན་ ཐོག་ཚད་༣ འབད་མི་ བཟའ་ཚང་༦ རེ་ཤོང་ཚུགས་མི་ སྒྲིང་ཁྱིམ་༥༠༠ ནང་ བཟའ་ཚང་༣,༠༠༠ དང་ མི་རློབས་༡༥,༠༠༠ དེ་ཅིག་ ཤོང་ནི་ཨིནམ་ལས་ ལས་ཀྱིས་ར་ དཀའ་ངལ་བསལ་ཚུགས་ཟེར་ ཞུ་ཡི།
མོང་སྒར་རྫོང་རབ་ འཇམ་དབྱངས་ཆོས་གྲགས་ཀྱིས་ འཕྲལ་ཁམས་ཅིག་ཁར་ སྤྲེལ་གླིང་དང་ བྱ་རུང་ཁ་ཤོར་༢ ཀྱི་ ས་གནས་ས་ཁོངས་འཆར་གཞི་༢ ཆ་འཇོག་འབད་དེ་ གནང་བ་གྲུབ་ཡོདཔ་ལས་ དེ་ནང་ ས་ཚན་༢༠༠ ལྷགཔ་ཅིག་ཡོད་སར་ ཁྱིམ་རྐྱབ་སྟེ་འབད་རུང་ དཀའ་ངལ་དེ་ ཧ་ལམ་ཅིག་ བསལ་ཚུགས་ནི་མས་ཟེར་བཤད་ཅི།
ཁོ་གིས་འབད་བ་ཅིན་ སྤྱི་ལོ་༢༠༠༥ ལུ་ མོང་སྒར་ཁྲོམ་ནང་ མི་རློབས་༣,༥༠༢ ཡོད་མི་དེ་ སྤྱི་ལོ་༢༠༡༧ ལུ་༤,༤༥༢ གུ་ ཡར་སེང་སོང་ཡོདཔ་བཞིན་དུ་ ད་ལྟོ་ ཁྲོམ་གྱི་མི་རློབས་༥,༥༥༢ ཡོད་མི་དེ་ འདས་པའི་ལོ་ངོ་༡༢ ཀྱི་ནང་འཁོད་ལུ་ མི་རློབས་༩༥༠ རྐྱངམ་གཅིག་ ཡར་སེང་སོང་མི་ལུ་བལྟ་བ་ཅིན་ མི་རློབས་༡༥,༠༠༠ གུ་ལྷོད་ཚུགས་ཚུགས་ ལོ་ངོ་མང་རབས་ཅིག་ འགོར་ནི་མས་ཟེར་ཞུ་ཡི།
ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་ བཀོད་མིའི་ནང་ ད་ལྟོ་ ཁྱིམ་མ་ལང་པའི་དཀའ་ངལ་སྦོམ་ཡོད་མི་དེ་ ག་གིས་ཡང་ ཤེས་ས་ཨིནམ་ལས་ མ་འོངས་པའི་མནོ་བསམ་གཏང་ནི་དེ་ ཁུངས་མེད་ཟེར་ཨིནམ་ད་ ས་ཚན་སྟོངམ་ལེ་ཤ་ཡོད་པ་ཅིན་ ག་ཅི་སྦེ་ ཨུ་ཚུགས་བསྐྱེད་དེ་ ཁྱིམ་རྐྱབ་མ་བཅུགཔ་ཨིན་ན་དང་ ཡང་ཅིན་ དུས་ཚོད་ཁར་མ་རྐྱབ་མི་ཚུ་ གཞུང་བཞེས་མ་འབདཝ་ཨིན་ན་ཟེར་ དྲི་བཀོད་འབད་ཡི།
དེ་ལུ་ རྫོང་ཁག་འགོ་དཔོན་ཚུ་གིས་ ཁྲོམ་ཁར་ཡོད་པའི་ ཁྱིམ་ས་ཚུ་ སྒེར་ས་ཨིནམ་ལས་ གཞུང་ལུ་ ཨུ་ཚུགས་རྐྱབ་ནིའི་ དབང་ཚད་མིན་འདུག་ཟེར་ དོགས་སེལ་འབད་ཡི།
དེ་བཟུམ་སྦེ་ འཐུས་མི་ཚུ་གིས་ ཁྲོམ་ཁར་ ཁང་གླ་ཚད་ལས་བརྒལ་ལེན་མི་ཚུ་ཡང་ བཀག་འཛིན་འབད་དགོཔ་འདུག་ཟེར་ ཞུ་ཡི།
རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱི་ སྒྲིང་ཁྱིམ་རྐྱབ་དགོ་པའི་ཞུ་བ་དེ་ འདས་པའི་ཚོགས་ཐེངས་ནང་ཡང་བྱུང་ཡོདཔ་ད་ ད་རེས་ བསྐྱར་ཞིབ་དང་གཅིག་ཁར་ གནས་སྟངས་ག་ཅི་ནང་ ལྷོད་དེ་ཡོད་ག་ཟེར་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་ དྲི་བཀོད་འབད་ཡི།
དེའི་ལན་ལུ་ རྫོང་ཁག་ས་ཁྲམ་འགོ་དཔོན་ ཚེ་རིང་རྡོ་རྗེ་གིས་ ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱིས་ མོང་སྒར་ལུ་ ཁྱིམ་རྐྱབ་ནིའི་དོན་ལུ་ ལས་འཛིན་དང་ རྫོང་ཁག་གི་འགོ་དཔོན་ སྡེ་ཚན་༡ གིས་ ས་གནས་སྨན་ཆུ་ཟེར་སར་ ས་ཚན་ཅིག་ ངོས་འཛིན་འབད་བའི་ཤུལ་ལས་ ཁྱིམ་གྱི་བཟོ་བཀོད་དང་ རྐྱབ་ནིའི་དུས་ཚོད་ལ་སོགས་པའི་ ཁ་གསལ་ཚུ་ཡོད་པའི་ ས་ཁོངས་ལག་ལེན་འཆར་གཞི་དགོ་པའི་སྐོར་ལས་ སླབ་པའི་ཤུལ་ལས་ ལན་གསལ་མ་ཐོབ་པའི་བར་ན་ རྫོང་ཁག་ནང་ མཛེས་ལྡན་གླིང་ག་ཅིག་ཡང་ གཞི་བཙུགས་འབད་ནིའི་ འཆར་གཞི་ཡོདཔ་བཞིན་དུ་ ས་ཁོངས་དེ་ མཛེས་ལྡན་གླིང་ག་ལུ་ ངོས་འཛིན་འབད་དེ་ སྔོན་འགྲོའི་བརྟག་དཔྱད་ཚུ་ འབད་བའི་བསྒང་ཡོད་ཟེར་ ཨིན་པས།
བསྐྱར་ཞིབ་ཀྱི་ གྲོས་ཆོད་དེ་ ལོག་སྟེ་ར་ རྒྱལ་ཡོངས་ཁྱིམ་བཟོ་ལས་འཛིན་ལུ་ གཏང་ནི་སྦེ་ གྲོས་ཐག་བཅད་ཡོད་པའི་ གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

 

About admin

Check Also

གནས་ཚུལ་མདོར་བསྡུས།

སྤྱི་ཟླ་༡༡ པའི་ཚེས་༧ ལུ་ ཐིམ་ཕུག་བདེ་ཆེན་ཕུག་གི་ ལོ་བསྟར་ཚེས་བཅུ་ འགོ་འདྲེན་འཐབ་པའི་སྐབས་ དད་ཅན་བརྒྱ་ལས་བཅད་དེ་ འཛོམས་མི་ཚུ་ལུ་ ཞྭ་ནག་རྔ་འཆམ་དང་ དགེ་བསྙེན་སྐུ་འཆམ་ ཤ་རྫམ་ རྔ་འཆམ་ཚུ་ མཇལ་ཁ་གནང་ཡོདཔ་བཞིན་དུ་ ལོ་བསྟར་ཚེས་བཅུ་དེ་ སྤྱི་ལོ་༢༠༠༣ …

Leave a Reply

Your email address will not be published. Required fields are marked *