ཚེས་བཅུ་མཇལ་མི་ཚུ་གིས་ གུ་རུའི་ཕྱག་དབང་ ཞུ་བའི་བསྒང་།

མོང་སྒར་རྒྱལ་པོའི་ཞིང་གི་ ལོ་བསྟར་ཚེས་བཅུ་གྲོལ་ཡོདཔ།

༉ མོང་སྒར་རྒྱལ་པོའི་ཞིང་ དགའ་ལྡན་ཆོས་དབྱིངས་ཕོ་བྲང་ལྷ་ཁང་ནང་སྦེ་ ཉིན་གྲངས་༣ གྱི་རིང་གནང་མི་ ཚེས་བཅུ་དེ་ སྤྱི་ཟླ་༢ པའི་ཚེས་༨ ལུ་ མི་མང་ལུ་ གུ་རུ་མཚན་བརྒྱད་ཀྱི་སྐུ་འཆམ་དང་ གུ་རུ་མཚན་བརྒྱད་ཀྱི་ མཐོང་གྲོལ་མཇལ་ཁ་གནང་ཐོག་ལས་ གྲོལ་ཡི།
གྲྭ་ཚང་གི་བླམ་ ཨོ་རྒྱན་དབང་ཕྱུག་གིས་ སླབ་མིའི་ནང་ རང་སོའི་གཡུས་སྒོ་དང་ རྫོང་གཞིས་ཁག་ཚུ་ནང་ ཚེས་བཅུ་འགོ་འདྲེན་འཐབ་སྲོལ་ཡོད་དོ་བཟུམ་སྦེ་ ཚེས་བཅུ་མཇལ་མི་ཚུ་ལུ་ སྐུ་འཆམ་དང་ ཐུགས་སྤྲོའི་གླུ་གཞས་ཚུ་ སྤྱན་འབུལ་ཕུལ་ཡི་ཟེར་ཨིན་པས།
བླམ་གིས་འབད་བ་ཅིན་ རྫོང་གཞིས་དང་ གཡུས་སྒོ་ཚུ་ནང་ སྐུ་འཆམ་ཚུ་ ཁོང་རའི་ མི་སེར་ཚུ་གིས་ རྐྱབ་དོ་ཡོད་རུང་ རྒྱལ་པོའི་ཞིང་གྲྭ་ཚང་བཟུམ་ཅིག་ནང་འབད་བ་ཅིན་ དུས་ཅི་ སྔ་ཚང་རྒེད་འོག་གི་ འཆམ་རྐྱབ་མི་ཚུ་གིས་ རྐྱབ་དགོ་མི་དེ་ཡང་ ཚེས་བཅུ་གཞི་བཙུགས་འབད་དེ་ ལོ་༦ ལས་བརྒལ་ མ་ལང་ནི་དེ་གིས་ཨིན་ཟེར་ སླབ་ཨིན་པས།
དེ་བཟུམ་མའི་ ཚེས་བཅུ་འགོ་འདྲེན་འཐབ་མི་དེ་ཡང་ སངས་རྒྱས་བསྟན་པ་ དར་ཞིང་རྒྱས་ཐབས་ལུ་དང་ ཆོས་དང་ལམ་སྲོལ་ མི་ཉམས་གོང་འཕེལ་གཏང་ནི་ དེ་ལས་ འབྲུག་པའི་མི་སེར་ཚུ་གིས་མ་ཚད་པར་ ཕྱིའི་ལྟ་བཤལཔ་ཚུ་གིས་འབད་རུང་ ཚེས་བཅུའི་ཁུངས་དང་དགོས་པ་ཚུ་ སྤེལ་ཐབས་ལུ་ཨིན་ཟེར་ འགོ་འདྲེན་འཐབ་མི་ཚུ་གིས་ བཤདཔ་ཨིན་པས།
ལོ་༥ འི་ཧེ་མར་ ཀུར་རི་ཆུ་གློག་མེ་ལས་འཛིན་གྱི་ ལས་བྱེདཔ་ཚུ་གིས་ ཚེས་བཅུ་འགོ་འདྲེན་འཐབ་པའི་ཤུལ་ལས་ ན་ཧིང་ དགའ་ལྡན་ཆོས་དབྱིངས་ཕོ་བྲང་གསརཔ་ བཞེངས་ཡོདཔ་བཞིན་དུ་ ལྷ་ཁང་དེ་ཡང་ གྲྭ་ཚང་ལུ་ རྩིས་སྤྲོད་འབད་ཡོདཔ་ད་ ད་རེས་ གྲྭ་ཚང་དེ་ནང་ བླམ་གིས་གཙོས་པའི་ དགེ་སློང་ཞལ་གྲངས་༡༥ དེ་ཅིག་ ཡོདཔ་ཨིན་པས།
བླམ་ཨྱོན་དབང་ཕྱུག་གིས་ སླབ་མིའི་ནང་ ལོ་བསྟར་གྱི་ཚེས་བཅུ་དེ་ ཀུར་རི་ཆུ་གློག་མེ་ལས་འཛིན་གྱི་ ལས་བྱེདཔ་ཡོངས་དང་ རྒྱལ་པོའི་ཞིང་ཁྲོམ་སྡེའི་ ཚོང་པའི་འཐུས་མི་ དེ་ལས་ སྨན་ཁང་དང་ ཁྲིམས་སྲུང་འགག་པ་ ནགས་ཚལ་སྡེ་ཚན་ སློབ་གྲྭའི་ལས་བྱེདཔ་ཚུ་གིས་ མཉམ་རུབ་ཐོག་ལས་ འགོ་འདྲེན་འཐབ་ཨིན་ཟེར་ཨིན་པས།
སྤྱི་ལོ་༢༠༡༧ ཟླ་༢ པའི་ཚེས་༥ ལུ་ མི་དབང་རྒྱལ་སྲས་མཆོག་ སྐུ་འཁྲུངས་ཏེ་ དགུང་ལོ་༡ བཞེས་པའི་རྟེན་འབྲེལ་ལུ་ དམིགས་ཏེ་ ཚེས་བཅུ་ཉིནམ་༣ འགོ་འདྲེན་འཐབ་ཡོདཔ་ལས་ དུས་ཅི་ཡང་ ཚེས་གྲངས་དེ་དང་བསྟུན་ འགོ་འདྲེན་འཐབ་ཡོདཔ་སྦེ་ སླབ་ཨིན་པས།
ཚེས་བཅུ་མཇལ་བར་འོང་མི་ དད་ཅན་ཚུ་གིས་འབད་བ་ཅིན་ གནམ་ལོ་གསརཔ་ འགོ་བཙུགསཔ་དང་འབྲེལ་ ཚེས་བཅུ་འགོ་འདྲེན་འཐབ་མི་དེ་ སྤྱིར་བཏང་མི་སེར་དང་ ལྷག་པར་དུ་ རྒྱལ་པོའི་ཞིང་ཁྲོམ་སྡེའི་དོན་ལུ་ ཕྱག་འཚལ་སྨོན་ལམ་བཏབ་ནིའི་ དུས་ཚོད་ཁྱད་དུ་འཕགས་པ་ཅིག་ཨིན་མས་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

རྒྱལ་པོའི་ཞིང་ལས་ བཀྲིས་ཕུན་ཚོགས།

About admin

Check Also

མཚན་མ་གཅིག་ལུ་དགའ་མི་ཚུ་ལུ་ མི་སྡེ་གིས་ བརྩི་མཐོང་བསྐྱེད་དགོཔ།

༉ རྒྱལ་སྤྱི་མཚན་མ་གཅིག་དང་ མཚན་མ་གཉིས་ལུ་དགའ་མི་ དེ་ལས་ མོ་གིས་ཕོ་བཟོ་སྡོད་མི་དང་ ཕོ་གིས་མོ་བཟོ་སྡོད་མི་ཚུ་ལུ་ མ་དགའ་བའི་ ཉིནམ་དེ་ སྤྱི་ཟླ་༥ པའི་ཚེས་༡༧ ལུ་ ཐིམ་ཕུག་ མིག་དམར་ཟ་ཁང་ནང་སྦེ་ བརྩི་སྲུང་འབད་ཡི། ལས་རིམ་དེ་ཡང་ …

Leave a Reply

Your email address will not be published. Required fields are marked *