སྐྱིད་བདེ་མཁར་བཤད་གྲྭའི་ ས་ཁོངས་ནང་ ཤིང་གི་ལྕངམ་ཚུ་ འཛུགས་སྐྱོང་འབད་བའི་བསྒང་།

མོང་སྒར་དང་ རྩི་རང་ལུ་ ཤིང་གི་ལྕངམ་༤༡,༠༠༠ འཛུགས་སྐྱོང་འབད་ཡོདཔ།

༉ ཁ་ཙ་ རྫོང་ཁག་༢༠ ནང་ མི་སྡེ་ནགས་ཚལ་གྱི་ཉིནམ་ བརྩི་སྲུང་དང་འབྲེལ་ རྩི་རང་ལུ་ ས་ཆ་ཨེ་ཀར་༤༩ ནང་ ཤིང་གི་ལྕངམ་༣༥,༠༠༠ དང་ མོང་སྒར་རྫོང་ཁག་ནང་ ཤིང་སྣ་ཚོགས་ཀྱི་ལྕངམ་༦,༠༠༠ དེ་ཅིག་ འཛུགས་སྐྱོང་འབད་ནུག།

ད་རུང་ ཀྲོང་གསར་རྫོང་ཁག་ནང་ ཤིང་གི་ལྕངམ་༣༥༠ དང་ ཚང་ཁ་སློབ་གྲྭ་ལྟེ་བའི་ནང་ ལྕངམ་༢༥༠ བཙུགས་ཡོདཔ་ཨིན་པས།
མོང་སྒར་རྫོང་ཁག་ལུ་འབད་བ་ཅིན་ སྐྱིད་བདེ་མཁར་བཤད་གྲྭ་དང་ ཝེང་མཁར་ རྫོང་གཞིས་ དེ་ལས་ ཨ་ནེམོ་གྲྭ་ཚང་ཚུ་ནང་ ཤིང་གི་ལྕངམ་ཚུ་ འཛུགས་སྐྱོང་འབད་ཡི།
སྐྱིད་བདེ་མཁར་བཤད་གྲྭའི་ གཡས་ཕྱོགས་ཀྱི་ ས་ཁོངས་ནང་སྦེ་ ཤིང་གི་ལྕངམ་ཚུ་ འཛུགས་སྐྱོང་མ་འབད་བའི་ཧེ་མར་ སྐྱིད་བདེ་མཁར་ལྷ་ཁང་ནང་སྦེ་ རྫོང་བདག་དང་ བླམ་གནས་བརྟན་གྱིས་ འགོ་ཁྲིད་ཐོག་ལས་ འགོ་དཔོན་ཚུ་གིས་ དཀར་མེ་སྟོང་མཆོད་དང་ མི་དབང་ཡབ་སྲས་རྣམ་༢ ལུ་ ཞབས་བརྟན་ཕུལ་ཡི།
སྐྱིད་བདེ་མཁར་ལུ་ བླམ་གནས་བརྟན་དང་ རྫོང་བདག་ ཞི་གཡོགཔ་ ཁྲིམས་སྲུང་འགག་པ་ དགེ་སློང་ མི་སེར་ དེ་ལས་ སློབ་ཕྲུག་ཚུ་གིས་ ཤིང་གི་ལྕངམ་༤༠༠ ལྷགཔ་ཅིག་ འཛུགས་སྐྱོང་འབད་ཡི།
ནགས་ཚལ་འགོ་དཔོན་ནོར་བུ་དབང་འདུས་ཀྱིས་ སླབ་མིའི་ནང་ དུས་ཅི་ ཤིང་གི་ལྕངམ་༥,༠༠༠ དེ་ཅིག་ མཁོ་སྒྲུབ་འབད་མི་ཚུ་ འཛུགས་སྐྱོང་འབད་ནིའི་དོན་ལུ་ སྐྱེངས་མཁར་དང་ འགྱུར་མེད་ རྩ་མང་ ཆ་ལི་ ལྕགས་སི་མཁར་ སྔ་ཚང་ མོང་སྒར་རྒེད་འོག་ ཚུ་ནང་དང་ རྒེད་འོག་གཞན་ཚུ་གི་ སློབ་གྲྭ་ཁག་ཚུ་ནང་ གོ་བཀྲམ་འབད་ཡི་ཟེར་ཨིན་པས།
དེ་ལས་ ཝེང་མཁར་རང་བཞིན་སླར་འབྱུང་ཐོན་སྐྱེད་དང་ ཞིབ་འཚོལ་ལྟེ་བའི་ ས་ཁོངས་ནང་ ཤིང་གི་ལྕངམ་༡,༠༠༠ དེ་ཅིག་ ལྟེ་བའི་ལས་བྱེདཔ་༡༠༠ གིས་ འཛུགས་སྐྱོང་འབད་ཡོདཔ་ད་ ཤིང་གི་ལྕམ་ཚུ་ཡང་ ལྟེ་བའི་ནང་ གཞི་བཙུགས་འབད་མི་ལས་ ལག་ལེན་འཐབ་ཡོདཔ་ཨིན་པས།
གཡག་པོ་སྒང་ ཨ་ནེམོ་གྲྭ་ཚང་གི་ མཐའ་འཁོར་ལུ་ སོ་ནམ་པ་ཚུ་གིས་ ལྕངམ་༢༢༠ དེ་ཅིག་ འཛུགས་སྐྱོང་འབད་མི་དེ་ཡང་ རྒེད་འོག་གནང་བྱིན་མ་དངུལ་རྒྱབ་སྐྱོར་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
ལུང་ཕྱོགས་ནགས་ཚལ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ད་རེས་འཛུགས་སྐྱོང་འབད་མི་ ལྕངམ་ཚུ་ཡང་ རང་སོའི་ས་ཁོངས་ཀྱི་འགོ་ཁྲིདཔ་ཚུ་གིས་ བདག་འཛིན་འཐབ་དགོ་ཟེར་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

ལམ་འགྲུལ་གྱི་ཐོག་ལས་ མཁལ་རྡོག་དང་འབྲེལ་བའི་ ནད་གཞི་ཚུ་གི་སྐོར་ལས་ གོ་བརྡ་སྤྲོད་ཡོདཔ།

༉ སྤྱི་ཟླ་༦ པའི་ཚེས་༤ ལུ་ མི་དབང་རྒྱལ་བཙུན་ རྗེ་བཙུན་པདྨ་དབང་ཕྱུག་མཆོག་གི་ འཁྲུངས་སྐར་དུས་སྟོན་ བརྩི་སྲུང་དང་འབྲེལ་ ལྟ་བཤལ་ལམ་སྟོན་པ་བགྲེསཔ་༢ ཀྱིས་ མཁལ་རྡོག་དང་འབྲེལ་བའི་ནད་གཞི་ཚུ་གི་སྐོར་ལས་ གོ་བརྡ་སྤྲོད་ནིའི་ལམ་འགྲུལ་ལས་རིམ་འགོ་བཙུགས་ཅི། དེ་ཡང་ ཚེ་བརྟན་རྡོ་རྗེ་དང་ འཆི་མེད་༢ …

Leave a Reply

Your email address will not be published. Required fields are marked *