གཏེར་སྟོན་པདྨ་གླིང་པའི་ མཐོང་གྲོལ་མཇལ་ཁ་ གནང་པའི་བསྒང་།

མོང་སྒར་དགྲ་མེད་རྩེ་གི་ ལོ་བསྟར་ཚེས་བཅུའི་ རྒྱབ་ཁུངས་མདོར་བསྡུས།

༉ ཤར་ཕྱོགས་དགྲ་མེད་རྩེ་ ཐེག་མཆོག་རྣམ་གྲོལ་ཨྱོན་ཆོས་གླིང་གྲྭ་ཚང་གི་ ལྷ་ཁང་ནང་སྦེ་ གནང་སྲོལ་ཡོད་པའི་ ལོ་བསྟར་གྱི་ཚེས་བཅུ་དེ་ གཞན་དང་མ་འདྲ་བའི་ རྩ་ཅན་ཅིག་ཨིནམ་ད་ དེ་ཡང་ གཏེར་སྟོན་པདྨ་གླིང་པའི་སྲས་ ཀུན་དགའ་རྒྱལ་མཚན་དང་ སྲསམོ་ ཨ་ནེ་མཆོད་རྟེན་བཟང་མོ་ལུ་བརྟེན་ བྱུང་ནི་དེ་གིས་ཨིན་པས།

རང་ཟླ་༡༠ པའི་ཚེས་༡༣ གྱི་ཉིན་མར་ དྲག་པོའི་སྦྱིན་སྲེག་གནང་པའི་ཁར་ ནུབ་མོའི་ཆུ་ཚོད་༨ ལས་༡ ཚུན་ ལྷ་ཁང་གི་ གདོང་སྐོར་ལུ་ཡོད་པའི་ འཆམ་རྐྱབ་སའི་ རྟེན་འབྲེལ་ཐང་ནང་སྦེ་ དྲག་པོའི་སྦྱིན་སྲེག་གནང་པའི་སྐབས་ མེ་གི་བྱིན་རླབས་ཞུ་བར་ དགྲ་མེད་རྩེ་དང་ ན་རང་ དེ་ལས་ བ་ལམ་རྒེད་འོག་༣ གྱི་ མི་སེར་ཚུ་གིས་མ་ཚད་ རྫོང་ཁག་གཞན་ཚུ་ལས་ དད་ཅན་བརྒྱ་ལས་བཅད་དེ་ སྤུངས་འཛོམས་འབད་སྲོལ་ཡོདཔ་ཨིན་པས།

ལྷ་ལུང་གསུང་སྤྲུལ་འཇིགས་བྲལ་ཀུན་བཟང་པདྨ་རྡོ་རྗེ་མཆོག་གིས་ གསུངས་མིའི་ནང་ དྲག་པོ་སྦྱིན་སྲེག་དེ་ རང་ཟླ་༢ པ་ལས་ རང་ཟླ་༩ པ་ཚུན་ གནང་དགོ་མི་དེ་ཡང་ མི་སེར་ཚུ་ སོ་ནམ་གྱི་ཐོན་སྐྱེད་བསྡུ་མི་ཚུ་ ཆོས་སྐྱོང་སྲུང་མ་ཚུ་ལུ་ མཆོད་པ་ཕུལཝ་ཨིན་ཟེར་ཨིན་པས།

དེ་མ་ཚད་ ལོ་༡ གི་རིང་ ཆོས་སྐྱོང་སྲུང་མ་ཚུ་གིས་ སྐྱབས་དང་མགོན་མཛད་མི་ལུ་བརྟེན་ རྐྱེན་ངན་མེད་པའི་ བཀྲིན་དགའ་ཚོར་དང་ ད་ལས་ཕར་ཡང་ རྐྱེན་ངན་བཟློག་ཐབས་ལུ་ མཆོད་པ་ཕུལ་བའི་སྲོལ་དེ་ སྔོན་དང་ཕུ་ལས་འདུག་ཟེར་ གསུངས་ཡི།

རང་ཟླ་༡༠ པའི་ཚེས་༡༤ ལུ་ ཉིནམ་དང་པའི་ནང་ སྐུ་འཆམ་ཚུ་ མི་མང་ལུ་ མཇལ་ཁ་གནང་མིའི་གྲས་ལས་ གཏེར་འཆམ་ དགྲ་མེད་རྩེ་རྔ་འཆམ་དང་ ས་བཅགས་པའི་སྐུ་འཆམ་ ཞྭ་ནག་གསེར་སྐྱེམས་འཆམ་ གྲོལ་འཆམ་ དུར་བདག་ པདྨ་གླིང་གིང་༣ གྱི་ སྐུ་འཆམ་ཚུ་ཨིན་པས།

ཤ་རྫམ་དང་ གསེར་སྦྲེངས་འཆམ་ དུར་བདག་ དེ་ལས་ བཤགས་པ་གྲོལ་བའི་སྐུ་འཆམ་ཚུ་ ཉིནམ་༢ པའི་ནང་ མཇལ་ཁ་གནང་ཡོདཔ་ད་ ཉིནམ་མཇུག་ལུ་ གཤིན་རྗེ་ཡབ་ཡུམ་དང་ གིང་ཆེན་ ཕོ་ལེགས་མོ་ལེགས་ དེ་ལས་ རཀྴ་དམངས་འཆམ་གྱི་ སྐུ་འཆམ་ཚུ་ མཇལ་ཁ་གནང་ཡི།

འཆམ་ཚུ་གི་གྲས་ལས་ བཤགས་པ་གྲོལ་བའི་སྐུ་འཆམ་དང་ གིང་ཆེན་གྱི་སྐུ་འཆམ་ཚུ་ རྫོང་ཁག་༢༠ ནང་ གནང་ནིའི་སྲོལ་མེད་མི་དེ་ཡང་ ཕྱི་ནང་གསང་༣ ལས་ གསང་བའི་སྐུ་འཆམ་ཨིནམ་ལས་ ལྷ་ཁང་ནང་ན་མ་གཏོགས་ ཕྱི་ཁར་ཐོན་ཏེ་ གནང་ནིའི་སྲོལ་མེདཔ་ཨིན་པས།

བཤད་གྲྭའི་མཁན་པོ་ དབང་ཕྱུག་རྒྱ་མཚོ་གིས་ སླབ་མིའི་ནང་ གཏེར་སྟོན་པདྨ་གླིང་པའི་སྲས་ ཀུན་དགའ་དབང་པོ་གིས་ མཛད་གནང་པའི་ སྐུ་འཆམ་བྱིན་ཅན་ཨིནམ་ལས་ ཕྱི་ཁ་མ་བཏོན་པར་ ལྷ་ཁང་ནང་ན་སྦེ་ གནང་སྲོལ་ཡོད་མི་དེ་ ཤུལ་ལས་ རྒྱལ་བ་གོངམ་ཚུ་གིས་ སེམས་ཅན་གྱི་ འགྲོ་དོན་ལུ་ཆེད་དུ་ ཕྱི་ཁར་ཐོན་ཏེ་ རྐྱབ་ནིའི་སྲོལ་ འགོ་བཙུགས་ནུག་ཟེར་ ཨིན་པས།

འཆམ་དཔོན་གྲོང་ཆོས་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ ལོ་བརྒྱ་གི་ཧེ་མར་ གསང་བའི་སྐུ་འཆམ་ཅིག་འབདཝ་ལས་ ལྷ་ཁང་ནང་རྐྱབ་སྡོད་པའི་སྐབས་ འཆམ་གྱི་ལེའུ་དང་ རྩ་ཚིག་ཚུ་ ཉམས་ཉེན་གུ་ལྷོད་ཡོདཔ་མ་ཚད་ མི་སེར་ལེ་ཤ་སྦེ་ སྤུངས་འཛོམས་འབད་མི་ཚུ་ མཇལ་ཁ་ཞུ་ནིའི་གོ་སྐབས་མེད་མི་ལུ་བརྟེན་ ཕྱི་ཁར་སྦེ་ གནང་མི་དེ་ གནད་དོན་དེ་ལུ་བརྟེན་ ཨིན་ཟེར་ཨིན་པས།

མཚམས་པ་ཕུན་ཚོགས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ བཤགས་པ་གྲོལ་བའི་ སྐུ་འཆམ་དེ་ གཏེར་ཆོས་ནང་འཁོད་དེ་མེད་རུང་ མཁའ་འགྲུལ་ཀུན་དགའ་དབང་པོ་ ཉམས་སྣང་ལུ་གཟིགས་པའི་ སྐུ་འཆམ་བྱིན་རླབས་ཅན་ཨིན་མི་དེ་ཡང་ བླ་མ་དང་ སློབ་མ་གི་བར་ན་ དམ་ཚིག་ཉམས་མི་དང་ དཀོན་མཆོག་གསུམ་ལུ་ ལོག་ལྟ་དང་ བཀུར་འདེབས་ཞུ་བ་ དེ་ལས་ སློབ་དཔོན་དང་ ཕམ་ལུ་ དམ་ཚིག་ཉམས་མི་ཚུ་ བཤགས་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།

ཉིན་གྲངས་༣ གྱི་སྐུ་འཆམ་ཚུ་ མི་མང་ལུ་ མཇལ་ཁ་གནང་ཞིནམ་ལས་ དེ་གི་ནངས་པར་ ཉིནམ་༡ གི་རིང་ གསུང་སྤྲུལ་རིན་པོ་ཆེ་གིས་ དབུ་བཞུགས་ཐོག་ལས་ དགེ་སློང་དང་ སྒོམ་ཆེན་ཚུ་གིས་ གཡང་ཁུག་གི་ཆོ་ག་གནང་སྟེ་ མཇུག་བསྡུ་གནངམ་ཨིན་པས།

དེ་སྦེ་ འགོ་འདྲེན་འཐབ་མི་དེ་ཡང་ མི་སེར་སྟོང་ཕྲག་ལས་བཅད་དེ་ ཚེས་བཅུ་མཇལ་བའི་ཤུལ་ལས་ ལོག་འགྱོཝ་ད་ གཡུས་ཁའི་གཡང་ཉམས་ཡོད་མི་ཚུ་ ཕྱོགས་བཅུ་ལས་ ཚེ་ནོར་གཡང་ཚུ་ ལོག་བཀུག་ཞིནམ་ལས་ ལྷ་ཁང་ནང་སྦེ་ གཡང་བསྡམས་བཞག་དོ་ཡོདཔ་ཨིན་པས།

རང་ཟླ་༡༠ པ་དེ་ གཡང་ཟླཝ་ཨིནམ་ལས་ ལྷ་ཁང་ནང་ གཡང་བཀུག་སྟེ་བསྡམས་པའི་ཤུལ་ལུ་ དགྲ་མེད་རྩེ་དང་ བ་ལམ་ དེ་ལས་ ན་རང་རྒེད་འོག་༣ གྱི་ གཡུས་ཚན་ཚུ་ནང་ ཚེ་འགུགས་གཡང་ཁུག་གི་ ཆོ་ག་གནང་ནི་ འགོ་བཙུགསཔ་ཨིན་པས།

ཧེ་མ་འབད་བ་ཅིན་ ལོ་བསྟར་གྱི་ཚེས་བཅུ་ཚུ་ རྒེད་འོག་༣ གྱིས་ འགོ་འདྲེན་འཐབ་པའི་སྐབས་ ཟླཝ་༡ གི་རིང་ ཚེས་བཅུའི་དོན་ལུ་ ལཱ་འབད་དགོ་པའི་ཁར་ བླམ་དང་ཆོསཔ་ བཅའ་མར་གཏོགས་མི་ཚུ་ལུ་ བཞེས་སྒོ་དྲང་ནིའི་དོན་ལུ་ འཆང་དང་ ཆུམ་ མར་དང་ དར་ཚིལ་སོགས་ གུང་པ་རེ་ལས་ བསྡུ་ལེན་འབད་དགོཔ་ཨིན་པས།

ཨིན་རུང་ དགྲ་མེད་རྩེ་རྒཔོ་ ཀུན་བཟང་ཚེ་རིང་གིས་ སླབ་མིའི་ནང་ ད་རེས་ནངས་པར་ མི་སེར་ལས་ བསྡུ་ལེན་ག་ནི་ཡང་ འབད་མ་དགོཔ་ཨིན་རུང་ ཐབ་ཤིང་འཐུ་ནི་དང་ ཕྱགས་བདར་རྐྱབ་ནི་ དེ་ལས་ ཞབས་ཁྲ་འཐེན་མི་ཨམ་སྲུ་ཚུ་ ཐོན་དོ་ཟེར་ཨིན་པས།

དེ་བཟུམ་སྦེ་ ལོ་༡༢ ཀྱི་རིང་ འཆམ་སློབ་དཔོན་འབད་མི་ ཡེ་ཤེས་རྣམ་རྒྱལ་གྱིས་ སླབ་མིའི་ནང་ ལོ་རེ་ནང་ དགྲ་མེད་རྩེ་ལྷ་ཁང་ནང་ ཚེས་བཅུ་ཐེངས་༣ འགོ་འདྲེན་འཐབ་དོ་ཡོད་མི་ལས་ རང་ཟླ་༥ པ་ སྤྲེལ་ཟླ་ཚེས་བཅུ་སྐབས་ ཤ་རྫམ་དང་ དུར་བདག་ ཚོགས་གླིང་ དཔའ་བོའི་གིང་ དེ་ལས་ ཚོགས་གིང་གི་སྐུ་འཆམ་ཚུ་ རྐྱབ་ནི་ཡོདཔ་ད་ རང་ཟླ་༦ པའི་ནང་ གཤིན་རྗེ་དང་ གིང་ཆེན་ དེ་ལས་ གུ་རུ་མཚན་བརྒྱད་ཀྱི་ སྐུ་འཆམ་ཚུ་ རྐྱབ་ནི་ཡོད་ཟེར་ཨིན་པས།

རྫོང་ཁག་༢༠ ལས་ དགྲ་མེད་རྩེ་རྔ་འཆམ་དང་ གཞན་འཆམ་གྱི་རིགས་ཚུ་ སྦྱང་བ་འབད་བར་ ལོ་བསྟར་བཞིན་དུ་ མི་གྲངས་༢༠ དང་༣༠ གི་བར་ན་ འོང་དོ་ཡོདཔ་བཞིན་དུ་ ཤར་ཕྱོགས་རྫོང་ཁག་གི་ ས་གནས་ཐདམ་ཐད་ཁ་ཕར་ ཚེས་བཅུའི་གར་འཆམ་གཞི་བཙུགས་མིའི་གྲས་ལས་ ཤིང་མཁར་ལའུ་རི་རྒེད་འོག་ཚུ་ནང་ཡང་ རྐྱབ་སྲོལ་འདུག་ཟེར་ ཨིན་པས།

ད་རེས་ནངས་པར་ དགྲ་མེད་རྩེ་གི་ ལོ་བསྟར་ཚེས་བཅུའི་སྐབས་ལུ་ རྐྱབ་སྲོལ་ཡོད་མི་ དགྲ་མེད་རྩེ་རྔ་འཆམ་དེ་ རབ་འབྱུང་༡༡ པའི་ནང་ ཨ་ནེ་མཆོད་རྟེན་བཟང་མོའི་ནུ་གཅུང་ མཁས་གྲུབ་ཀུན་དགའ་རྒྱལ་མཚན་གྱིས་ གུ་རུ་རིན་པོ་ཆེའི་ ལུང་བསྟན་དང་འཁྲིལ་ གདན་ས་དགྲ་མེད་རྩེ་ལུ་ འགོ་དང་པ་ འཆམ་གཞི་བཙུགས་གནང་ནུག་ཟེར་ཨིན་པས།

དེ་ལས་འགོ་བཟུང་ སྐུ་འཆམ་ཚུ་ ཉམས་མ་བཅུག་པར་ འཆམ་སློབ་ཀུན་དགའ་ལས་ རིམ་པ་བཞིན་དུ་སྦེ་ འཆམ་སློབ་གསང་སྔགས་རྡོ་རྗེ་དང་ ཁོ་གི་སྲས་ དབུ་མཛད་བསྟན་འཛིན་ དེ་ལས་ ཚེ་དབང་རིན་འཛིན་ལུ་ ལྷབ་བཅུག་སྟེ་ འཛིན་སྐྱོང་སྤེལ་འབད་ཡོདཔ་ཨིན་པས།

འཆམ་དཔོན་ཚེ་དབང་རིན་འཛིན་གྱི་ ཤུལ་ལས་ ད་ཚུན་གྱི་བར་ན་ འཆམ་དཔོན་༤༠ ལྷགཔ་ཅིག་གིས་ འཛིན་སྐྱོང་སྤེལ་ཡོདཔ་ད་ དེ་ཚུ་གི་གྲས་ལས་ ཡེ་ཤེས་རྣམ་རྒྱལ་དེ་ དབུ་མཛད་ཚེ་དབང་རིན་འཛིན་གྱི་ བུ་ཨིན་པས།

འདས་པའི་ལོ་ངོ་༢༠ ལས་འགོ་བཟུང་སྟེ་ གསུང་སྤྲུལ་རིན་པོ་ཆེ་མཆོག་གིས་ གྲྭ་ཚང་གཞི་བཙུགས་གནང་པའི་ཁར་ ད་རེས་ ཤར་ཕྱོགས་རྫོང་ཁག་ཚུ་གི་དོན་ལུ་ རྙིང་མའི་མཐོ་རིམ་སློབ་གྲྭ་ གཞི་བཙུགས་འབད་ནིའི་དོན་ལུ་ ཁྱིམ་ཚུ་ཡང་ བཟོ་སྐྲུན་འབད་དེ་ ཧ་ལམ་ མཇུག་བསྡུ་ནིའི་གུ་ ལྷོད་དེ་འདུག།

ལྷག་པར་དུ་ ལྷ་ཁང་ཉམས་གསོ་ ཞུ་བའི་བསྒང་ཡོད་མི་དེ་ཡང་ ཧ་ལམ་ མཇུག་བསྡུ་ནི་གུ་ ལྷོད་དེ་ཡོདཔ་ད་ ལྷ་ཁང་ནང་ བྱིན་རླབས་ཅན་གྱི་ སྐུ་རྟེན་གསུང་རྟེན་རྩ་ཅན་ཚུ་ མཇལ་ཚུགས་པས་ཟེར་ ཞུ་ནི་ཨིན།

དགྲ་མེད་རྩེ་ལས་ བཀྲིས་ཕུན་ཚོགས།

About admin

Check Also

འཛམ་གླིང་བཟའ་སྤྱོད་ལས་རིམ་གྱི་ མཐུན་རྐྱེན་བཏོག་མི་གིས་ གདོང་ལེན་འབྱུང་ནི།

༉ སྤྱི་ལོ་༢༠༠༨ ལས་འགོ་བཙུགས་ ད་ཚུན་ ཡ་རག་ལ་མི་སྡེ་སློབ་གྲའི་ སློབ་ཕྲུག་ཚུ་ལུ་ འཛམ་གླིང་བཟའ་སྤྱོད་ལས་རིམ་གྱིས་ དྲོ་པ་དང་ ཉིན་མའི་ལྟོ་དང་ འབྲུག་གཞུང་གིས་ ཚོད་བསྲེ་གི་ འཐུས་བྱིན་ཏེ་ཡོད་མི་དེ་ སང་ཕོད་ལས་ མི་བྱིན་ནི་སྦེ་ ཐག་བཅད་མི་ལུ་བརྟེན་ …

Leave a Reply

Your email address will not be published. Required fields are marked *