སའི་ཇོ་བདག་ཅིག་གིས་ བཀག་བཞག་མི་ སོ་ནམ་ཞིང་ལམ།

མོང་སྒར་ཆ་གླིང་རྒེད་འོག་ནང་ སོ་ནམ་ཞིང་ལམ་ལུ་བརྟེན་པའི་ བྲེལ་ཟིང་།

༉ མོང་སྒར་ཆ་གླིང་རྒེད་འོག་ནང་ ལོ་ངོ་༩ དེ་གི་ཧེ་མར་ གཞུང་གིས་ ཟད་འགྲོ་བཏང་སྟེ་བཏོན་མི་ སོ་ནམ་ཞིང་ལམ་དེ་ འཕྲལ་ཁམས་ཅིག་ཁར་ བཀག་བཞག་མི་ལུ་བརྟེན་ ག་ལུ་ཡང་ ཕན་ཐོགས་མེདཔ་ཐལ་ཡོདཔ་ཨིན་པས།

ཞིང་ལམ་བཟོ་སྐྲུན་གྱི་དོན་ལུ་ ཟད་འགྲོ་ག་དེམ་ཅིག་གནས་ཡོདཔ་ཨིན་ན་ མ་ཤེས་རུང་ ཀི་ལོ་མི་ཊར་༡ མ་ལང་མི་ སོ་ནམ་ཞིང་ལམ་དེ་ སྤྱི་ལོ་༢༠༡༡ དེ་ཅིག་ལུ་བཏོན་ཡོདཔ་ད་ འཕྲལ་ཁམས་ཅིག་ཁར་ འཁོར་ལམ་བཏོན་པའི་སྐབས་ ས་ཆ་མེདཔ་ཐལ་མི་ སའི་ཇོ་བདག་ཅིག་གིས་ བསུབས་ཡོདཔ་ཨིན་པས།

སོ་ནམ་ཞིང་ལམ་དེ་ ལམ་ཁག་༢ ནང་བསུབས་ཡོདཔ་ད་ འགོ་ཐོག་ ཕད་ཙི་ནང་སྐམ་མི་ རྩི་ས་དག་པ་ཅིག་གིས་ བསུབས་ཡོདཔ་མ་ཚད་ ཤུལ་ལས་ འཁོར་ལམ་ཁར་ ཨ་རིང་ཆུང་ཀུ་ཅིག་ཡང་ བཟོ་ཡོདཔ་ཨིན་པས།

ཞིང་ལམ་དེ་གིས་ ཕན་ཐོགས་བྱུང་མི་ ཁྱིམ་གུང་པ་ཅིག་གི་ཇོ་བདག་ ཁ་དུ་མ་གཡུས་ཚན་ལས་ བདེ་ཆེན་པདྨ་གིས་ སླབ་མིའི་ནང་ ཞིང་ལམ་བཀག་མི་དེ་གིས་ མོ་གི་བཟའ་ཚང་དང་ ཁྱིམ་ཚང་གཞན་ཚུ་ལུ་གནོད་ཡོདཔ་ད་ གྲོང་མི་གཞན་ཚུ་ལུ་ཡང་ ཐབ་ཤིང་བཏོན་ནི་དང་ ཆུ་གཡུར་གྱི་ལཱ་འབད་ནི་ལུ་ ཕན་ཐོགས་བྱུངམ་ཨིན་ཟེར་ཨིན་པས།

མོ་གིས་ སླབ་མིའི་ནང་ གནད་དོན་དེ་གི་སྐོར་ལས་ ཚོགས་པ་དང་ རྒེད་འོག་བདག་སྐྱོང་ལུ་ སྙན་ཞུ་འབད་ཡོད་རུང་ ངོས་ལེན་མིན་འདུག་ཟེར་ཨིན་པས།

ཞིང་ལམ་དེ་ སྤྱི་ཟླ་༣ པའི་ཚེས་༡༤ ལུ་ བཀག་ཡོདཔ་ཨིན་པས།

ལམ་བཀག་མི་ སངས་སི་སྦིས་གཡུས་ཚན་ནང་ལས་ སྐྱེས་ལོ་༤༧ རྡོ་རྗེ་གིས་ སླབ་མིའི་ནང་ ཁོ་གིས་ ལམ་བཀག་ནིའི་དོན་ལུ་ ཆུ་ཞིང་ལེབ་༡ བཟོཝ་ད་ ཉིནམ་༡ འགོར་ཡི་ཟེར་ཨིནམ་ད་ ཨ་རིང་དེ་ཡང་ ཧེ་མ་ ཞིང་ལམ་བཏོན་པའི་སྐབས་ ན་མོ་ཁོའི་ཟེར་སའི་ས་ཁོངས་དེ་ནང་ ཁོ་གི་ ཨ་རིང་ལེབ་མེདཔ་ཐལ་མི་དེ་ ལོག་བཟོ་ཡི་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ཞིང་ལམ་བཏོན་པའི་སྐབས་ ཁོ་གི་ཨ་རིང་ལེབ་༧ དེ་ཅིག་ ས་གིས་བསུབས་ཏེ་མེདཔ་བཏང་ཡོདཔ་མ་ཚད་ ས་ཁོངས་དེ་ནང་ཡང་ ཆུ་ཞིང་ལེབ་༥ ཡོད་མིའི་སྦུག་ལུ་ཕོག་ནི་དེ་གིས་ ག་ར་མེདཔ་བཏང་ཡི་ཟེར་ཨིན་པས།

ཁོ་གི་ཁྱིམ་དེ་ ས་ཁོངས་ལས་ཡར་བལྟ་འགྱོ་དགོཔ་ད་ ཁོ་གིས་ བཤད་མིའི་ནང་ ཨ་རིང་ལོག་བཟོ་སྟེ་ ལམ་བསུབས་དགོ་མི་དེ་ཡང་ ཁོ་གི་ ཕ་སྤུན་གྱི་སྲིངམོ་ཨིན་མི་ བདེ་ཆེན་པདྨ་གིས་ ད་རེས་ནངས་པར་ དཔག་ཚད་བཀལ་མི་ ཞིང་ལམ་གསརཔ་གི་དོན་ལུ་ ས་ཆ་མ་བྱིན་ནི་དེ་གིས་ ཨིན་ཟེར་ཨིན་པས།

རྡོ་རྗེ་གིས་འབད་བ་ཅིན་ ལམ་བཏོན་པའི་སྐབས་ གྲོང་མི་༧ དེ་ཅིག་གི་ ས་ཆ་མེདཔ་ཐལ་ཡོད་རུང་ འཁོར་ལམ་དེ་གིས་ མོ་རའི་བཟའ་ཚང་༡ ལུ་རྐྱངམ་གཅིག་ ཕན་སྦོམ་ཐོགས་ཡོད་ནི་དེ་གིས་ ད་རེས་ ས་བྱིན་དགོཔ་ད་ དེ་བསྒང་ ལག་རྗེས་ཡང་མ་བྱིན་པའི་ཁར་ དཔག་ཚད་ཡང་ དེ་ཁར་ལས་མེན་པར་ འོག་ལས་ཨིན་རུང་ ཁྱིམ་གྱི་སྒོ་ཁར་ཚུན་བཏོན་ཞིནམ་ལས་ སྣུམ་འཁོར་བཞག་ས་ཅིག་བཟོ་སྟེ་ མ་དངུལ་རྫོགས་སོ་ཡི་ཟེར་ཨིན་པས།

ཁོ་གིས་ སླབ་མི་དང་འཁྲིལཝ་ད་ ས་ལེ་ཤ་མེདཔ་བཏང་སྟེ་ ཞིང་ལམ་བཏོན་རུང་ ཁོ་གི་ གླ་འཁོར་བོ་ལེ་རོ་ཡོད་མི་དེ་ ལྷ་ཁང་རྩ་བར་ རྒེད་འོག་ལམ་ཁར་བཞག་སྟེ་ རྐང་སྟོང་ལམ་འགྱོ་དགོ་པའི་ཁར་ ཚོད་བསྲེ་ཚུ་ཡང་ སྒལ་ཏོ་ཁར་ འབག་བསྐྱལ་དགོ་ནི་དེ་གིས་ ཁེ་རྒུད་མ་བཏུབ་ཟེར་ཨིནམ་ད་ བདེ་ཆེན་པདྨའི་ ཁྱིམ་གྱི་སྦོ་ལོགས་ཁར་ལས་ བསྒོར་ལྟབ་ཅིག་བཙུགས་པ་ཅིན་ ཁོ་གི་ཁྱིམ་ནང་ལྷོད་ནི་དང་ ཁྱིམ་གུང་པ་དག་པ་ཅིག་ལུ་ཡང་ ཕན་ཐོགས་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ཞིང་ལམ་དེ་ མ་བཀག་པའི་ཧེ་མར་ རྒེད་འོག་བདག་སྐྱོང་ལུ་ཡང་ སྙན་ཞུ་འབད་ཡི་ཟེར་ཨིན་པས།

བདེ་ཆེན་པདྨ་གིས་འབད་བ་ཅིན་ ཞིང་ལམ་དེ་ འགོ་ཐོག་གི་ དཔག་ཚད་དང་འཁྲིལཝ་ད་ རྒེད་འོག་ལྟེ་བའི་ལམ་གྱི་བསྒོར་ལྟབ་དེ་ མོ་གི་ ཁྱིམ་གྱི་ལྟག་ལས་ཕོག་ཡོད་རུང་ ཤུལ་ལས་ ལྷ་ཁང་གི་རྩ་བ་ལས་བཟོ་བའི་སྐབས་ མོ་ར་ ངོ་རྐྱང་སྦེ་ རྒེད་འོག་ནང་ ཞུ་ནིའི་གོ་སྐབས་ཐོབ་ཅི་ཟེར་ཨིན་པས།

མོ་གིས་ སླབ་མིའི་ནང་ ད་རེས་ འཁོར་ལམ་གསརཔ་གི་ དཔག་ཚད་བཀལ་བའི་སྐབས་ ཁྱིམ་གྱི་ལྟག་ལས་བྱིན་ཡོདཔ་ད་ ཁྱིམ་འོག་ལས་ བྱིན་མ་ཚུགས་མི་དེ་ཡང་ ཁྱིམ་འོག་གི་ས་ཆ་དེ་ སྤུན་ཆ་༣ གྱི་བར་ན་ སྐལ་བགོ་འབདཝ་ད་ ཌིས་༥༠ རྐྱངམ་གཅིག་ཁྱབ་ཡོད་ནི་དེ་གིས་ ཞིང་ལམ་བཏོན་པ་ཅིན་ ཆ་མཉམ་མཇུག་བསྡུ་འོང་ཟེར་ཨིན་པས།

མོ་གིས་ ཁྱིམ་གྱི་ལྟག་ལས་བྱིན་ཡོད་རུང་ དཀའ་ངལ་དེ་ ད་རུང་ ཆུ་ཞིང་ཡོད་མི་༢ ཀྱིས་ མི་བྱིན་དོ་ཡོདཔ་ད་ མོ་གིས་ སླབ་མིའི་ནང་ ཞིང་ལམ་བཏོན་པའི་སྐབས་ མོ་གི་ས་ཆ་གླང་དོ་༡ དེ་ཅིག་ཡང་ མེདཔ་ཐལ་སོ་ཡི་ཟེར་ཨིན་པས།

ཆ་གླིང་རྒཔོ་ བཀྲ་ཤིས་དོན་གྲུབ་ཀྱིས་ སླབ་མིའི་ནང་ རྒེད་འོག་ནང་ ཉོགས་བཤད་དེ་ ཡིག་ཐོག་ལུ་མེན་པར་ ངག་ཐོག་ལུ་རྐྱངམ་གཅིག་ལྷོད་ཡོདཔ་ད་ དེ་གི་ནང་ལས་ཡང་ ཉོགས་བཤད་མེན་པར་ ཚར་གཅིག་བལྟ་དགོཔ་སྦེ་སླབ་ཡོད་རུང་ ད་རེས་ནངས་པར་ ཁོ་རང་ ཀོ་རོ་ན་བའེ་རཱསི་ནད་འབུབ་དང་འབྲེལ་བའི་ གོ་བརྡའི་ལས་རིམ་ཚུ་ལུ་བརྟེན་ བརྟག་ཞིབ་འབད་མ་ཚུགས་ཟེར་ཨིན་པས།

ཁོ་གིས་ བཤད་མིའི་ནང་ ད་ལྟོ་ ཁོང་བཟའ་ཚང་༢ ཀྱི་བར་ན་ གནས་སྟངས་དེ་བཟུམ་ཅིག་ཁར་ ལྷོད་མ་དགོ་མི་དེ་ཡང་ འཆར་ལོ་འགོ་བཙུགས་ནི་རནམ་བཞིན་དུ་ མ་དངུལ་བགོ་བཀྲམ་འབད་ཡོད་རུང་ ལོ་ངོ་དང་པའི་ནང་ མོང་སྒར་དང་ ལྷུན་རྩེའི་གཞུང་ལམ་ཁར་ལས་ ཀི་ལོ་མི་ཊར་༤ དེ་ཅིག་འབད་མི་ སོ་ནམ་ཞིང་ལམ་གསརཔ་ ཁ་དུ་མ་ཚུན་ བཏོན་ནིའི་འཆར་གཞི་ཡོདཔ་ད་ དེ་ཁར་ལས་ སངས་སི་སྦིས་གཡུས་ཚན་དང་ ཞིང་ལམ་རྙིངམ་དང་མཐུད་སྦྲེལ་འབད་རུང་ དེ་བསྒང་ ལོ་རྒྱུས་ཐོན་དགོཔ་ཨིན་ཟེར་ ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། ཆ་གླིང་།

About admin

Check Also

སྤྱི་ཟླ་༦ པའི་ནང་ བདེན་མཆིས་རྫོང་ གསར་བཞེངས་ཀྱི་ལཱ་ ཡོངས་རྫོགས་མཇུག་བསྡུ་ནི།

༉ པདྨ་དགའ་ཚལ་ བདེན་མཆིས་རྫོང་ གསར་བཞེངས་འབད་ནི་ འགོ་བཙུགས་ཏེ་ ལོ་༥ དེ་ཅིག་གི་རྒྱབ་ལས་ ད་རིས་ཀྱི་ཟླཝ་ནང་ བསྒྲུབ་ནི་ཨིན་པས། དེ་ཡང་ དབུ་རྩེ་མ་གཏོགས་ བཟོ་བཀོད་གཞན་ཚུ་ལུ་ ཚོན་བཏང་ཚར་ཡོདཔ་མ་ཚད་ རྫོང་ནང་ན་ཡིག་ཚང་ཚུ་ གཞི་བཙུགས་འབད་ནིའི་དོན་ལུ་ …

Leave a Reply

Your email address will not be published. Required fields are marked *