མོང་སྒར་ཚོད་བསྲེ་ཁྲོམ་ཁར་ ཆ་གླིང་པའི་ཨམ་ཚུ་གིས་ ཚལ་ལུ་བཙོང་པའི་བསྒང་།

མོང་སྒར་ཆ་གླིང་གཡུས་ཚན་ནང་ ཚལ་ལུའི་ཐོན་སྐྱེད་ མར་བབས་འགྱོ་དོ་ཡོདཔ།

༉ མོང་སྒར་གླིང་མེད་ཐང་ལུ་ འབྲུག་སོ་ནམ་ཁང་གིས་ འཕྲལ་ཁམས་ཅིག་ཁར་ ཡན་ལག་བཟོ་གྲྭ་ཁང་ཅིག་ གཞི་བཙུགས་འབད་མིའི་ནང་ ལོ་བསྟར་བཞིན་དུ་ ཚལ་ལུའི་ཐོན་སྐྱེད་ཀྱི་ མཁོ་འདོད་བཀོད་མི་དེ་ ཤར་ཕྱོགས་ལུང་ཕྱོགས་ཀྱི་ སོ་ནམ་ཞིང་པ་ཚུ་ལུ་ གནས་ཚུལ་བཟང་པོ་ཅིག་ཨིན་རུང་ ཚལ་ལུའི་ཤིང་ཚུ་ ཤི་ནི་འགོ་བཙུགས་མི་ལུ་བརྟེན་ སོ་ནམ་པ་ཚུ་ སེམས་ཕམ་ཡོདཔ་ཨིན་པས།
མོང་སྒར་རྫོང་ཁག་ནང་ ཚལ་ལུའི་ཡོངས་གྲགས་ཡོད་མི་ ཆ་གླིང་རྒེད་འོག་ གཡུས་སྨད་ཀྱི་ སོ་ནམ་པ་མང་ཤོས་ཅིག་གིས་ ཚལ་ལུའི་ཤིང་ཚུ་ ཤི་དོ་ཡོད་པའི་ཉོགས་བཤད་ཚུ་ བཀོད་དོ་ཡོདཔ་ཨིན་པས།
ཆ་གླིང་ཁ་དུ་མ་ལས་ སྐྱེས་ལོ་༥༧ ལང་མི་ གནས་བརྟན་བཟང་མོ་གིས་ སླབ་མིའི་ནང་ མོ་ལུ་ ཚལ་ལུ་ཤིང་༡༠༠ ལྷགཔ་ཅིག་ཡོད་མི་གིས་ འོང་འབབ་ལེགས་ཤོམ་བཟོ་ཡོད་རུང་ འདས་པའི་ལོ་༥ དེ་ཅིག་ལས་ ཚལ་ལུ་མ་འཚོཔ་ལས་ ས་ཁར་འབུད་ནི་འགོ་བཙུགས་པའི་ཁར་ འཕྲལ་ཁམས་ཅིག་ཁར་ ཤུགས་སྦེ་ར་ འབུད་སོང་ཡི་ཟེར་ཨིན་པས།
མོ་གིས་ བཤད་མིའི་ནང་ དུས་ཅིའི་ཚལ་ལུ་ཐོན་སྐྱེད་ལས་ མོང་སྒར་ཁྲོམ་ཁར་ འགོ་དང་པ་ འབག་པའི་ཁར་ ད་རུང་ ཚལ་ལུ་ཆུང་ཀུ་ ཙེའི་༢ དང་༣ དེ་ཅིག་ ཡོད་ཟེར་ཨིན་པས།
ཆ་གླིང་ཁ་ཅོར་ཤིང་ལས་ སྐྱེས་ལོ་༦༥ ལང་མི་ ཚེ་དབང་རྣམ་རྒྱལ་གྱིས་ སླབ་མིའི་ནང་ ཁོ་ལུ་ཡང་ ཚལ་ལུ་ཤིང་༣༠ དེ་ཅིག་ཡོད་མི་ལས་ ལོ་བསྟར་བཞིན་དུ་ འོང་འབབ་དངུལ་ཀྲམ་ འབུམ་ལྷགཔ་ཅིག་ བཟོ་ཚུགས་ཡོད་རུང་ ན་ཧིང་ལས་ ཤིང་དག་པ་ཅིག་ཤི་བའི་ཁར་ ཚལ་ལུའི་རྡོག་མ་ཚུ་ འབུད་སོང་ནི་དེ་གིས་ དུས་ཅི་ འོང་འབབ་དངུལ་ཀྲམ་༥,༠༠༠ དེ་ཅིག་མ་གཏོགས་ བཟོ་མི་ཚུགས་ནི་མས་ཟེར་ཨིན་པས།
ཚེ་དབང་རྣམ་རྒྱལ་གྱིས་ སླབ་མིའི་ནང་ ཚལ་ལུའི་ཤིང་འབྲས་ཚུ་ རྡོག་མ་བཏགས་ཏེ་ ཧ་ལམ་འགྱོཝ་ད་ འདབ་མ་སེརཔོ་སོང་སྟེ་ རྡོག་མའི་ར་ཏོ་གུ་ འབུབ་བཏགས་ཏེ་ འབུད་འགྱོཝ་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ད་རེས་ དངུལ་ཐོག་གཙོ་བོ་ཅིག་ཨིན་མི་ ཚལ་ལུ་ཤིང་ཚུ་ ཤི་ནི་དེ་གིས་ དེ་གི་ཚབ་སྦེ་ རྡོག་མ་ཤིང་དང་ ཤིང་འབྲས་གཞན་ཚུ་ བཙུགས་ནིའི་འཆར་གཞི་བརྩམ་དོ་ཟེར་ཨིན་པས།
ཆ་གླིང་སྟོད་པ་ཕུག་ལས་ སྐྱེས་ལོ་༤༧ ལང་མི་ བདེ་ཆེན་ལྷ་སྒྲོན་ལུ་ འདས་པའི་ལོ་དག་པ་ཅིག་གི་ནང་འཁོད་ ཚལ་ལུ་ཤིང་༥༠ དེ་ཅིག་ཡོད་མི་ཆ་མཉམ་ ཤི་སོང་བའི་ཁར་ དེ་བཟུམ་སྦེ་ ཆ་གླིང་བོར་སྤང་ལས་ ཨོ་རྒྱན་བཟང་མོ་ལུ་ཡང་ ཚལ་ལུ་ཤིང་༢༠ དེ་ཅིག་ཡོད་མི་ཚུ་ ཤི་སོཔ་ཨིན་པས།
ས་གནས་ཀྱི་མི་སེར་ཚུ་གིས་ སླབ་མིའི་ནང་ ཆ་གླིང་གཡུས་མཇུག་གི་ ཁྱིམ་གུང་པ་མང་ཤོས་ཅིག་གི་ ཚལ་ལུ་ཤིང་ཚུ་ ཤི་དོ་ཡོདཔ་ལས་ གནད་དོན་དེ་གི་སྐོར་ལས་ སོ་ནམ་འགོ་དཔོན་ཚུ་ལུ་ སྙན་ཞུ་འབད་དེ་ ཞིབ་དཔྱད་ཚུ་འབད་བར་ལྷོད་ཡོད་རུང་ སྨན་གཏོར་དགོ་པའི་སྐོར་ལས་ ཁ་བཀོད་འབདཝ་མ་གཏོགས་ འཛིན་སྐྱོང་འཐབ་ཐངས་ཀྱི་ ཤེས་ཡོན་མེད་ནི་དེ་གིས་ ཐབས་མེད་པར་ བཀོག་བཞག་ཅི་ཟེར་ཨིན་པས།
ཚལ་ལུ་ཤིང་ཚུ་ ཉེ་འདབས་ཀྱི་ ཙ་ཀ་གླིང་རྒེད་འོག་དང་ མོང་སྒར་རྫོང་ཁག་འོག་གི་ རྒེད་འོག་དག་པ་ཅིག་ནང་ ཚལ་ལུའི་ཤིང་ ཤི་མི་དང་ རྡོག་མ་འབུད་སོང་མི་ལུ་བརྟེན་ ལ་ལོ་ཅིག་གིས་ ཚལ་ལུ་མ་འཚོཔ་ལས་ མོང་སྒར་ཚོད་བསྲེ་ཁྲོམ་ཁར་ བཙོང་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

 

About admin

Check Also

འབྲུག་རྒྱལ་ཡོངས་ཕུཊ་བཱོལ་སྡེ་ཚན་གྱིས་ ཨང་༢ པ་ཐོན་ཡོདཔ།

༉ ཁ་ཙ་ ནེ་པཱལ་པོ་ཁ་ར་ལུ་སྦེ་ འབྲུག་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་དང་ ནེ་པཱལ་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་༢ ཀྱི་བར་ན་ ཕུཊ་བཱོལ་རྩེད་འགྲན་གྱི་ མཐའ་བཅད་འགྲན་བསྡུར་འབདཝ་ད་ འབྲུག་གིས་གཱོལ་༡ དང་ ནེ་པཱལ་གྱིས་ གཱོལ་༢ བཙུགས་ཏེ་ རྒྱལ་ཁ་ཐོབ་ཅི། རྩེད་འགྲན་འགོ་བཙུགས་ཏེ་ …

Leave a Reply

Your email address will not be published. Required fields are marked *