གླིང་མི་ཐང་ཁྲོམ།

མོང་སྒར་གླིང་མི་ཐང་ཁྲོམ་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ དགོས་མཁོ་ཆེ་བའི་ ཞུ་བ།

༉ མོང་སྒར་ཁྲོམ་ལས་ བུམ་ཐང་ཁ་ཐུག་ ཀི་ལོ་མི་ཊར་༣༠ དེ་ཅིག་གི་ས་ཁར་ ཆགས་ཡོད་མི་ གླིང་མི་ཐང་ཁྲོམ་དེ་ ད་རེས་ནངས་པར་ ཡར་རྒྱས་ཀྱི་འགྱུར་བ་འགྱོ་སར་ མཐོངམ་ཨིན་པས།

ཧེ་མ་འབད་བ་ཅིན་ ཟ་ཁང་ཚུ་ནང་ བཞེས་སྒོ་བཟའ་མི་མེད་པའི་ཁར་ ཚོང་ཉོ་མི་མེདཔ་མ་ཚད་ ཁང་གླར་སྡོད་མི་ཡང་མེད་པར་ཁྱིམ་གྱི་ཇོ་བདག་ཚུ་གིས་ སྐྱིན་ཚབ་བཏབ་ནི་ལུ་ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས།

ཁྲོམ་ཁར་སྡོད་མི་ཚུ་གིས་ སླབ་མི་དང་འཁྲིལ་བ་ཅིན་ ཁྲོམ་གྱི་འགྱུར་བ་དེ་ཡང་ ས་ཁོངས་ནང་ ཧ་ཟས་ཤིང་གི་ལས་འགུལ་འགོ་བཙུགས་མི་དང་ འདས་པའི་ལོ་༢ དེ་ཅིག་གི་ཧེ་མར་ འབྲུག་སོ་ནམ་བཟོ་གྲྭ་ཁང་ གཞི་བཙུགས་ཀྱི་ ལཱ་འབད་བའི་ཤུལ་ལུ་ བྱུང་ཡོདཔ་ཨིན་པས།

ད་རེས་ཁྲོམ་ཁར་ ཚོང་ཁང་གི་དོན་ལུ་འབད་བ་ཅིན་ ཟླ་རིམ་བཞིན་དུ་ ཁང་གླ་མཐོ་ཤོས་དངུལ་ཀྲམ་༢༠,༠༠༠ དང་ སྡོད་གནས་ཀྱི་ཁང་གླ་ཚུ་ཡང་ ལོ་༨ དེ་ཅིག་གི་ཧེ་མར་ ཟླ་རིམ་ཁང་གླ་དངུལ་ཀྲམ་༡,༥༠༠ དང་༢,༠༠༠ གི་བར་ན་འབད་མི་དེ་ ད་རེས་ དངུལ་ཀྲམ་༦,༠༠༠ དང་ ༨,༠༠༠ དེ་ཅིག་གི་བར་ན་ ལྷོད་ཡོད་རུང་ སྡོད་ཁྱིམ་མ་ལང་པར་ ལ་ལོ་ཅིག་ ཉེ་འདབས་ཀྱི་ རྒྱལ་པོའི་ཞིང་ཁྲོམ་དང་ ཁྲི་དྭངས་སྦིས་ དེ་ལས་ བྱང་རྡུང་གཡུས་ཚན་ཚུ་ནང་ སྡོདཔ་ཨིན་པས།

ཚོང་པ་ཆོས་སྐྱིད་ཀྱིས་ སླབ་མིའི་ནང་ ཁང་གླར་སྡོད་མི་ མངམ་ཡོད་ནི་དེ་གིས་ ཁྱིམ་གྱི་ཇོ་བདག་ཚུ་གིས་ འོས་འབབ་དང་མ་འཁྲིལ་བའི་ཁང་གླ་ ཚད་ལས་བརྒལ་སླབ་པའི་ཁར་ དུས་ཚོད་མ་རན་པའི་ཧེ་མར་ ཁང་གླ་སེང་ནིའི་དཔའ་བཅམ་རུང་ ཁྱིམ་མེད་ནི་དེ་གིས་ ཐབས་མེད་པར་ སྡོད་དགོཔ་ཐོནམ་མས་ཟེར་ཨིན་པས།

སྐྱེས་ལོ་༣༠ ལང་མི་ ཟ་ཁང་གི་ཇོ་བདག་ པདྨ་ལས་འཕྲོ་གིས་ སླབ་མིའི་ནང་ ཁོ་རའི་ ཁང་མིག་༤ འབད་མི་ ཟ་ཁང་ནང་ ཧེ་མ་ དུས་ཚོད་མང་ཤོས་ར་ སྟོངམ་སྦེ་ལུས་མི་དེ་ ད་རེས་ནངས་པར་ ཟླ་རིམ་བཞིན་དུ་ བདུན་ཕྲག་༢ ལྷགཔ་ཅིག་ མི་སྡོད་མི་འོངམ་མ་ཚད་ མི་རློབས་ཡར་སེང་སོང་མི་དང་ མོང་སྒར་དང་ བུམ་ཐང་གཞུང་ལམ་བདའ་སྟེ་ འགྲོ་འགྲུལ་འབད་མི་ཚུ་ལུ་བརྟེན་ ལྟོ་བཟའ་མི་ཡང་ ཡར་སེང་སོང་ཡི་ཟེར་ཨིན་པས།

ཁྲོམ་ས་ཚུ་ཡང་ དབྱེ་ཁག་༢ སྦེ་ སྤྱི་ལོ་༢༠༠༠ དང་༢༠༠༣ ལུ་ བགོ་བཀྲམ་འབད་ཡོདཔ་ད་ ས་ཚན་ཁག་༣༠ ཡོད་ས་ལས་༧ དེ་ཅིག་ ཁྱིམ་མ་རྐྱབ་པར་སྟོངམ་སྦེ་ཡོདཔ་ད་ ས་ཚན་༡ ནང་ བཟོ་སྐྲུན་འབད་བའི་བསྒང་ཨིན་རུང་ སྒྲིང་ཁྱིམ་ཆ་མཉམ་ར་ ཐོག་ཚད་༣ སྦེ་ ཐོག་རེ་ནང་ ཁང་ཚན་རེ་ཨིན་པས།

གླིང་མེད་ཐང་ཁྲོམ་དེ་ ད་ལྟོ་ཚུན་ མོང་སྒར་ཁྲོམ་སྡེའི་འོག་ལུ་ཨིན་རུང་ དུས་ཅི་ལས་ རྒེད་འོག་ཁྲོམ་ལུ་ སྒྱུར་བཅོས་འབད་ནུག།

ཧེ་མ་ ཁྲོམ་གྱི་དོན་ལུ་ འཐུས་མི་ཅིག་ཡོད་པའི་ཁར་ ཁྲོམ་གཞན་བཟུམ་སྦེ་ མཐུན་རྐྱེན་ཚུ་ཐོབ་མི་ཚུ་ཡང་ ད་ལས་ཕར་ མི་འཐོབ་ནི་ཨིནམ་ལས་ ཁྲོམ་ཁར་སྡོད་མི་ཚུ་ སེམས་དང་མ་ལྡན་པར་ ཡོདཔ་ཨིན་པས།

ཁྲོམ་གྱི་ཚོགས་པ་བགྲེསཔ་ ཀུན་ལེགས་ཀྱིས་ སླབ་མིའི་ནང་ ཁྲོམ་དེ་ རྒེད་འོག་ཚོགས་སྡེ་བརྒྱུད་དེ་ རྫོང་ཁག་ཚོགས་འདུ་ནང་ རྒེད་འོག་ཁྲོམ་སྡེ་སྦེ་ གྲོས་ཐག་བཅད་པའི་ ལོ་རྒྱུས་གོ་ཡོད་རུང་ རྒེད་འོག་ཚོགས་སྡེ་ནང་ ཁོ་ཡང་ ག་གིས་ཡང་ མ་འབོ་ཟེར་ཨིན་པས།

དེ་གི་གནོད་པ་དེ་ ད་རེས་ཁྲོམ་ཁར་ ཁྲོམ་གྱི་གློག་མེ་དང་ འཐུང་ཆུའི་དཀའ་ངལ་ཡོདཔ་ད་ ཧེ་མ་ ཁྲོམ་ལམ་བདའ་སྟེ་ གློག་མེ་ཡོད་མི་དེ་ ལམ་སེལ་ལས་ཁུངས་ཀྱིས་ ལམ་རྒྱ་སྐྱེད་འབད་བའི་སྐབས་ འབལ་བཏང་ཡོད་རུང་ ལོག་སྔར་བཞིན་དུ་ མ་བཟོ་བར་ཡོདཔ་ཨིན་པས།

ཀུན་ལེགས་ཀྱིས་ བཤད་མིའི་ནང་ ཁྲོམ་ཁར་ གནམ་ཕྱི་རུ་ གནག་དུང་ནང་འགྱོ་ནི་ཡོདཔ་ལས་ ཁོ་གིས་ ལམ་སེལ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་ལུ་ ཁྲོམ་མེ་བཙུགས་དགོ་པའི་ཞུ་བ་འབད་རུང་ ངོས་ལེན་མིན་འདུག་ཟེར་ཨིནམ་ད་ ཁྲོམ་ཁར་ གཞུང་འབྲེལ་དུ་ སྙན་ཞུ་འབད་མི་ཡང་མེད་པའི་ཁར་ རྩིས་བདག་བཏང་མི་ ག་ཡང་མིན་འདུག་ཟེར་ ཨིན་པས།

དེ་བཟུམ་སྦེ་ ཁྲོམ་ཁར་སྡོད་མི་ཚུ་དང་འཁྲིལཝ་ད་ ཁྲོམ་དེ་ རྒེད་འོག་ཁྲོམ་སྡེ་འབད་རུང་ ས་ཁྲལ་དང་ མེ་ཁྲལ་ཚུ་ སྔར་བཞིན་དུ་ ཁྲོམ་གྱི་གནས་ཚད་དང་འཁྲིལ་ཏེ་ བཏབ་དོ་ཡོདཔ་ལས་ དེ་གི་སྐོར་ལས་ གྲོས་བསྟུན་ཞལ་འཛོམས་ འགོ་འདྲེན་འཐབ་མི་ཡང་ མིན་འདུག་ཟེར་ཨིན་པས།

དེ་ལས་ ཁྲོམ་ཁར་ འཐུང་ཆུ་མ་ལང་པའི་དཀའ་ངལ་ཡང་ སྦོམ་ཡོདཔ་བཞིན་དུ་ ཆུ་དུང་སྦོམ་ མཐུད་སྦྲེལ་འབད་དེ་ ཆུ་བཏོན་དགོཔ་ཡོད་རུང་ རྒེད་འོག་བདག་སྐྱོང་ལུ་ སྙན་ཞུ་འབད་བའི་སྐབས་ ཁྲོམ་དེ་ རྒེད་འོག་ནང་ ལོ་༥ འི་འཆར་གཞི་ བརྩམས་ཚར་ཞིནམ་ལས་རྐྱངམ་གཅིག་ ཚུད་ནི་དེ་གིས་ གནས་སྐབས་ཅིག་ བཙུགས་ཐབས་མིན་འདུག་ཟེར་ སླབ་ནི་དེ་གིས་ ག་ཅི་འབད་ནི་ཨིན་ན་ མ་ཤེས་པར་ཡོད་ཟེར་ ཀུན་ལེགས་ཀྱིས་ བཤདཔ་ཨིན་པས།

ཨིན་རུང་ འཐུང་ཆུ་དེ་ གཞུང་གི་ དམིགས་བསལ་ལས་རིམ་ཅིག་ཨིནམ་ལས་ ལས་རིམ་ཐོག་ལུ་ དཀའ་ངལ་དེ་ བསལ་གནང་འོང་མནོ་བའི་རེ་བ་ཡོད་ཟེར་ ཀུན་ལེགས་ཀྱིས་ བཤདཔ་ཨིན་པས།

ས་གླིང་རྒཔོ་ ཆོས་ཉིད་རྡོ་རྗེ་གིས་ སླབ་མིའི་ནང་ ཁྲོམ་དེ་ ཧེ་མ་ ཡན་ལག་ཁྲོམ་སྦེ་སྡོད་པའི་བར་ན་ ཕྱིར་བཏོན་འབད་ཡོདཔ་ད་ ད་རེས་ མི་རློབས་ཡར་སེང་འགྱོ་མི་དང་བསྟུན་ ཆུའི་དཀའ་ངལ་ཡོད་མི་དེ་ ལོ་༥ འི་འཆར་གཞི་ནང་ མ་ཚུད་རུང་ སྔོན་རྩིས་ཚུ་བཏོན་ཏེ་ དམིགས་བསལ་གྱི་ལས་རིམ་གྲས་ཁར་ བཙུགས་ཏེ་ཡོད་ཟེར་ བཤདཔ་ཨིན་པས།

གླིང་མི་ཐང་ལུ་ གོང་འཕེལ་གྱི་དོན་ལས་ གཙོ་རིམ་ཅན་ཅིག་ཨིན་མི་ ལམ་སེལ་ལས་ཁུངས་ཀྱི་ ལུང་ཕྱོགས་ཡིག་ཚང་དང་ འབྲུག་བཟོ་སྐྲུན་གོང་འཕེལ་ལས་འཛིན་གྱི་ཡིག་ཚང་ སྒོ་ནོར་གསོ་སྐྱོང་ལྟེ་བ་ དེ་ལས་ རྒེད་འོག་ཡིག་ཚང་དང་ སློབ་གྲྭ་ཡོདཔ་ད་ ད་ལྟོ་ གཞི་རྟེན་མཐུན་རྐྱེན་ཚུ་ བཟོ་བའི་བསྒང་ཡོད་མི་ བོང་སྡེ་མ་བཟོ་གྲྭའི་ས་ཁོངས་དེ་ གཞི་ཆགས་པའི་ཤུལ་ལས་ གླིང་མི་ཐང་ཁྲོམ་དེ་ ཧེང་སྐལ་ར་ གོང་འཕེལ་འགྱོ་ནིའི་ འོས་འབབ་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། གླིང་མི་ཐང་།

About admin

Check Also

འབྲུག་རྒྱལ་ཡོངས་ཕུཊ་བཱོལ་སྡེ་ཚན་གྱིས་ ཨང་༢ པ་ཐོན་ཡོདཔ།

༉ ཁ་ཙ་ ནེ་པཱལ་པོ་ཁ་ར་ལུ་སྦེ་ འབྲུག་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་དང་ ནེ་པཱལ་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་༢ ཀྱི་བར་ན་ ཕུཊ་བཱོལ་རྩེད་འགྲན་གྱི་ མཐའ་བཅད་འགྲན་བསྡུར་འབདཝ་ད་ འབྲུག་གིས་གཱོལ་༡ དང་ ནེ་པཱལ་གྱིས་ གཱོལ་༢ བཙུགས་ཏེ་ རྒྱལ་ཁ་ཐོབ་ཅི། རྩེད་འགྲན་འགོ་བཙུགས་ཏེ་ …

Leave a Reply

Your email address will not be published. Required fields are marked *