མོང་སྒར་ཚོད་བསྲེ་ཁྲོམ།

མོང་སྒར་ཁྲོམ་ཁར་ བཟའ་འཐུང་དང་ ཚོད་བསྲེའི་གོང་ཚད་ཚུ་ ཡར་སེང་འབད་ཡོདཔ།

༉ ཀོ་རོ་ན་བའེ་རཱསི་ནད་འབུབ་དང་འབྲེལ་བའི་ གནས་སྟངས་འཚུབས་ཅན་བྱུང་བའི་དུས་ཚོད་ལུ་ མོང་སྒར་ཁྲོམ་ཁར་ ཚོད་བསྲེ་དང་ ཅ་ནམ་གྱི་གོང་ཚད་ཚུ་ ཡར་སེང་འབད་མི་དེ་ འོས་འབབ་འདུག་ག?
ཚོང་མགྲོནཔ་ཚུ་གིས་ སླབ་མིའི་ནང་ ཅ་ནམ་ཚོང་ཁང་ཚུ་ནང་ ཧ་ལམ་ དགོས་མཁོ་ཅན་གྱི་ ཅ་ནམ་མང་ཤོས་ར་ གོང་ཚད་ཚད་ལས་བརྒལ་ཡར་སེང་རྐྱབ་མི་ལུ་བརྟེན་ འཚོ་སྐྱོང་འཐབ་ནི་ལུ་ ལཱ་ཁག་རྐྱབ་ནི་མས་ཟེར་ཨིན་པས།
དེ་ཡང་ ཀེ་ཇི་༤༥ འབད་མི་ ཨེསི་ཀེ་གཱོལ་ཆུམ་ ཕད་ཙི་རེ་ལུ་ ཧེ་མ་ དངུལ་ཀྲམ་༡,༤༥༠ དང་༡,༥༠༠ རེ་སྦེ་བཙོང་མི་དེ་ ད་རེས་ དངུལ་ཀྲམ་༡,༨༠༠ དང་༡,༩༠༠ གི་བར་ན་ བཙོང་དོ་ཡོདཔ་ཨིན་པས།
ལི་ཊར་༥ འབད་མི་ མར་ཁུ་དམ་ཇི་རེ་ལུ་ དངུལ་ཀྲམ་༤༥༠ རེ་འབད་མི་དེ་ ད་རེས་ དངུལ་ཀྲམ་༥༧༠ ལུ་ ཡར་སེང་འབད་ཡོདཔ་ད་ ཉ་སྐམ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༣༥༠ ལས་༤༥༠ གི་བར་ན་ ཡར་སེང་འབད་ཡོདཔ་ཨིན་པས།
དེ་ལས་ ནང་འདྲེན་འབད་མི་ ཨེ་མ་སྐམ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༢༨༠ རེ་འབད་མི་དེ་ དངུལ་ཀྲམ་༣༨༠ དང་༤༠༠ གི་བར་ན་ ཡར་སེང་འབད་ཡོདཔ་ཨིན་པས།
ཨིན་རུང་ ཚོང་པ་རེ་གཉིས་ཀྱིས་ ཧེ་མའི་ གོང་ཚད་ཐོག་ལུ་ར་ བཙོང་དོ་ཡོདཔ་ཨིན་པས།
ཚོད་བསྲེ་ཁྲོམ་ཁར་ ནང་འཁོད་ལས་ཐོན་མི་ ཚོད་བསྲེའི་རིགས་ཚུ་ཡང་ ཀེ་བ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༥༠ ལས་༦༠ རེ་དང་ མེ་ཏོག་ཀོ་པི་ཀེ་ཇི་རེ་ལུ་ དངུལ་ཀྲམ་༥༠ བོ་རོ་ཀོ་ལི་ ཀེ་ཇི་རེ་ལུ་དངུལ་ཀྲམ་༧༠ དང་༨༠ གི་བར་ན་ཨིནམ་ད་ ལ་ཕུག་ཀེ་ཇི་ལུ་དངུལ་ཀྲམ་༣༠ ལས་༤༠ དང་ འདབ་མ་ཀོ་པི་ཀེ་ཇི་རེ་ལུ་ དངུལ་ཀྲམ་༣༠ དང་༤༠ གུ་ཡར་སེང་འབད་ཡོདཔ་ཨིན་པས།
ནང་འཁོད་ཀྱི་ ཚོད་བསྲེ་བཙོང་མི་ཚུ་ཡང་ མོང་ཤོས་ར་ ཆ་གླིང་རྒེད་འོག་དང་ མོང་སྒར་རྒེད་འོག་ གཡག་པོ་སྒང་ འཇམ་ཆོས་གླིང་ སྐྱིད་བདེ་མཁར་ཚུ་ནང་ལས་ཨིནམ་ད་ ཚོད་བསྲེ་བཙོང་མི་ལ་ལོ་ཅིག་གིས་ གོང་ཚད་ཡར་སེང་འབདཝ་དང་གཅིག་ཁར་ གཞན་ཚུ་ལུ་ཡང་ ཨུ་ཚུགས་རྐྱབ་སྟེ་ ཡར་སེང་འབད་བཅུག་དོ་ཡོདཔ་ཨིན་པས།
ཆ་གླིང་ལས་ ཚོད་བསྲེ་ཚོང་པ་རྡོ་རྗེ་གིས་ སླབ་མིའི་ནང་ ཚོད་བསྲེའི་གོང་ཚད་ ཡང་སེང་འབད་དགོ་པའི་ གནད་དོན་གཅིག་ ངང་ལམ་དང་ རྒྱལ་པོའི་ཞིང་ དེ་ལས་ བུམ་ཐང་ལས་ ཚོད་བསྲེ་སྦུང་ཚོང་སྦེ་ ཉོ་འབག་མི་ལུ་བརྟེན་ ལང་མ་ཚུགས་ནི་དེ་གིས་ ཨིན་མས་ཟེར་ཨིན་པས།
ནང་འདྲེན་འབད་མི་ ཚོད་བསྲེ་སྒོགཔ་དང་ བླམ་བན་ད་ དོ་ལོམ་ལ་སོགས་པ་ཚུ་ཡང་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༠ རེ་ ཡར་སེང་འབད་མི་དེ་ཡང་ གཏན་འཇགས་ཀྱི་ ཚོད་བསྲེ་ཚོང་པ་ཚུ་གིས་ སླབ་མིའི་ནང་ ད་རེས་ནངས་པར་ ཚོད་བསྲེ་ཚུ་ ངང་ལམ་དང་ བསམ་གྲུབ་ལྗོངས་མཁར་ལས་ ནང་འདྲེན་འབད་དོ་ཡོདཔ་བཞིན་དུ་ ས་མཚམས་ཚུ་ནང་ རྒྱ་གར་གྱི་ཚོད་བསྲེ་བཀྲམ་སྤེལ་བ་ཚུ་གིས་ ས་མཚམས་ནང་ན་ བསྐྱལ་བྱིན་མིའི་འཐུས་ ཨིན་མས་ཟེར་ཨིན་པས།
ས་གནས་ཀྱི་མི་ཚུ་ བཟའ་འཐུང་གི་རིགས་དང་ ཚོད་བསྲེའི་གོང་ཚད་ཚུ་ ཡར་སེང་འབད་མི་ལུ་བརྟེན་ རྣམ་རྟོག་དང་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས།
མོང་སྒར་རྒེད་འོག་ འཇམ་ཆོས་གླིང་སྤྱི་འོག་ནང་ལས་ སྒྲོལ་མ་གིས་ སླབ་མིའི་ནང་ འབྲུག་རྒྱང་བསྒྲགས་ཀྱིས་ གསལ་བསྒྲགས་འབད་མི་དང་ མི་སྡེ་འགོ་ཁྲིདཔ་ཚུ་གིས་ བཟའ་འཐུང་གི་སྐོར་ལས་ གོང་ཚད་ཡར་སེང་འབད་མ་ཆོག་པའི་ཁར་ མ་ལང་པའི་ ཚ་གྱང་ལང་མི་དགོ་ཟེར་ སླབ་ནི་དེ་གིས་ བསགས་བཞག་ནིའི་དོན་ལུ་ ཆུམ་མ་ཉོ་ཟེར་ཨིན་པས།
ཨིན་རུང་ ཁྲོམ་ཁར་འགྱོ་ལྟཝ་ད་ ཆུམ་གི་གོང་ཚད་ ཡར་སེང་འབད་ཡོདཔ་ལས་ ཐབས་ར་མེད་པར་ ཧེ་མ་ ཀེ་ཇི་༤༥ འབད་མི་ ཨེསི་ཀེ་གཱོལ་ཕད་ཙི་རེ་ལུ་ དངུལ་ཀྲམ་༡,༤༥༠ དང་༡,༥༠༠ གི་བར་ན་གནས་མི་ དངུལ་ཀྲམ་༡,༨༥༠ སྤྲོད་དེ་ ཉོ་འབག་དགོཔ་ཐོན་ཡི་ཟེར་ མོ་གིས་ སླབ་ཨིན་པས།
མར་ཁུ་དང་ ཅ་ནམ་གཞན་གྱི་གོང་ཚད་ཚུ་ཡང་ ཡར་སེང་འབད་དེ་ཡོདཔ་ལས་ ཚ་གྱང་ལངམ་མས་ཟེར་ ཝེང་མཁར་ལས་ མཚོ་མོ་གིས་ བཤདཔ་ཨིན་པས།
ཚོང་མགྲོན་པ་ཚུ་གིས་ སླབ་མིའི་ནང་ ཚོང་ཁང་ཅིག་ནང་ གོང་ཚད་མ་སེང་པར་ཡོད་རུང་ ཚོང་པ་གཞན་ཅིག་གིས་ འགྲུལ་འཕྲིན་ནང་ གོང་ཚད་སེང་དགོཔ་སྦེ་ སླབ་པའི་ཤུལ་ལས་ མིག་གི་གདོང་ཁར་ར་ ཡར་སེང་འབད་ཡི་ཟེར་ཨིན་པས།
ཁྲོམ་ཁར་སྡོད་མི་ཚུ་གིས་ སླབ་མིའི་ནང་ ནང་འཁོད་ལས་ཐོན་མི་ ཚོད་བསྲེའི་ཐད་ལུ་ གོང་ཚད་ཚུ་ དགེ་ལེགས་ཕུག་བཟུམ་སྦེ་ འབྲེལ་ཡོད་ལས་སྡེ་ཚུ་ཡོད་པའི་ དམིགས་བསལ་གྱི་ སྡེ་ཚན་ཅིག་བཟོ་སྟེ་ ཚད་འཛིན་འབད་དགོཔ་འདུག་ཟེར་ཨིན་པས།
ཁྲོམ་ཁར་སྡོད་མི་༡ གིས་ སླབ་མིའི་ནང་ མོང་སྒར་ཁྲོམ་ཁར་ ན་ཧིང་ཚུན་ ཀེ་བ་ཀེ་ཇི་རེ་ལུ་ མཐོ་ཤོས་དངུལ་ཀྲམ་༣༥ དང་༤༠ གི་བར་ན་འབད་མི་དེ་ དུས་ཅི་ དངུལ་ཀྲམ་༥༠ གུ་ ཡར་སེང་འབད་བའི་ཁར་ ད་རེས་ནངས་པར་ ཧེང་སྐལ་ར་ དངུལ་ཀྲམ་༦༠ གུ་ ཡར་སེང་འབད་མི་དེ་ འོས་འབབ་དང་མི་ལྡན་པས་ཟེར་ཨིན་པས།
མོང་སྒར་ཁྲོམ་སྡེའི་འཐུས་མི་ རྣམ་རྒྱལ་རྡོ་རྗེ་གིས་ སླབ་མིའི་ནང་ བཟའ་འཐུང་དང་ ཚོད་བསྲེའི་གོང་ཚད་ཚུ་ ཡར་སེང་འབད་བའི་ ལོ་རྒྱུས་གོ་བའི་ཤུལ་ལས་ ཚོང་པ་ཚུ་ལུ་ མི་སྡེ་བརྡ་བརྒྱུད་ཝི་ཅེཊ་ནང་ ཚོང་པའི་འཐུས་མི་ཚུ་ཡོད་པའི་ སྡེ་ཚན་ནང་ གོ་བརྡ་སྤྲོདཔ་མ་ཚད་ བདུན་ཕྲག་འདི་ནང་ ཚོད་བསྲེ་ཁྲོམ་ཁར་ ཚོང་པ་ཚུ་ལུ་ཡང་ གོང་ཚད་སེང་མ་གནང་ཟེར་ སྒོ་བཤལ་རྐྱབ་སྟེ་ སླབ་ཅི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཉེས་ཆད་བཀལ་ནིའི་དབང་ཚད་དེ་ ལུང་ཕྱོགས་ཚོང་འབྲེལ་དང་བཟོ་གྲྭ་ཡིག་ཚང་ལུ་ཨིནམ་ལས་ ཁྲོམ་སྡེ་འཐུས་མིའི་ འགན་ཁུར་ཟེར་རུང་ གོ་བརྡ་སྤྲོད་ནི་ལས་ལྷག་མེད་ནི་དེ་གིས་ ཚོང་པ་ཚུ་ལུ་ཡང་ འབྱོར་འཛིན་ཚུ་ བྱིན་དགོ་པའི་སྐོར་ལས་ གོ་བརྡ་སྤེལ་ཡི་ཟེར་ཨིན་པས།
ད་ཚུན་ མོང་སྒར་ལུང་ཕྱོགས་ཚོང་འབྲེལ་དང་བཟོ་གྲྭ་ཡིག་ཚང་ནང་ ཚོང་པ་རེ་གཉིས་ཀྱིས་ བཟའ་འཐུང་གི་དོ་ཚུ་ ས་མཚམས་སྒོ་བསྡམས་ནི་དེ་གིས་ ཐིམ་ཕུག་བསྐོར་ཏེ་ འབག་འོང་དགོཔ་ལས་ སྐྱེལ་འདྲེན་གྱི་ གླ་ཆ་བརྩིས་ཏེ་ དུམ་གྲ་རེ་ ཡར་སེང་འབད་དགོ་པའི་ སྙན་ཞུ་ལྷོད་ཅི་ཟེར་ ལུང་ཕྱོགས་ཡིག་ཚང་གི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
ལུང་ཕྱོགས་མདོ་ཆེན་ངོ་ཚབ་ ཀརྨ་ཊི་རིག་འཛིན་གྱིས་ སླབ་མིའི་ནང་ ཡིག་ཚང་གི་ཁ་ཐུག་ལས་ ཤར་ཕྱོགས་རྫོང་ཁག་༤ གི་ ཟ་ཆས་ཚོང་པ་ཚུ་ལུ་ གོང་ཚད་སེང་མ་ཆོག་པའི་སྐོར་ལས་ གོ་བ་བརྡ་སྤྲོད་འབད་ཡོད་པའི་ཁར་ ལྟ་རྟོག་པ་ཚུ་གིས་ དུས་རྒྱུན་དུ་ ཚོང་གི་གོང་ཚད་མཐོ་ཤོས་ཀྱི་ཐོ་ཚུ་ བསྡུ་ལེན་འབད་དོ་ཟེར་ཨིན་པས།
ཟ་ཆས་ཀྱི་དོ་ཚུ་ ཐིམ་ཕུག་བསྐོར་ཏེ་ སྐྱེལ་འདྲེན་འབད་དགོ་ནི་དེ་གིས་ འོས་འབབ་དང་ལྡནམ་ཅིག་ལས་བརྒལ་ སེང་མི་ཆོག་ནི་ཨིནམ་ད་ གལ་སྲིད་ འབྱོར་འཛིན་དང་སྦྲགས་ ཉོགས་བཤད་བཀོད་མི་རེ་ཡོད་པ་ཅིན་ ཚོང་འབྲེལ་གྱི་ལམ་ལུགས་དང་བསྟུན་ ཞིབ་དཔྱད་འབད་དེ་ ངོས་ལེན་འབད་ནི་ཨིན་ཟེར་ ཁོ་གིས་ སླབ་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

 

About admin

Check Also

རང་དོན་སྤྱོད་ནིའི་དོན་ལུ་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ལུ་ རང་དོན་སྤྱོད་ནིའི་དོན་ལས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་མི་དང་འཁྲིལ་ ཁྲོམ་ཁར་སྡོད་མི་ཚུ་ལུ་ ཏམ་ཁུ་མ་ཐོབ་པའི་ དཀའ་ངལ་མིན་འདུག། རྫོང་ཁག་གི་ ནད་ཡམས་ཀོ་བིཌ་-༡༩ གི་ ལས་བྱེད་ཚོགས་ཆུང་གིས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་བའི་སྐབས་ ནད་འབུབ་མི་འབུ་ནིའི་དོན་ལས་ …

Leave a Reply

Your email address will not be published. Required fields are marked *